ཁྱེགས་མཛོད་ལག་ལེན་ཡཐབ་བཏུབ་བཟོ་ནིའི་ འཆར་དངུལ་ལུ་ སྒུག་དོ་ཡོདཔ་ཨིན་པས།

ཁྱེགས་མཛོད་ལག་ལེན་ མ་འཐབ་པར་ ཆུད་ཟད་འགྱོ་དོ་ཡོདཔ།

༉ དར་དཀར་དཔལ་ལ་ལུ་ ཐོག་ཚད་༢ འབད་མི་ ཁྱེགས་མཛོད་དེ་ འཕྲུལ་ཆས་ཀྱི་ དཀའ་ངལ་ལུ་བརྟེན་ ལག་ལེན་མ་འཐབ་པར་ ལོ་༧ དེ་ཅིག་ ལང་དོ་ཡོདཔ་ཨིན་པས།
འགོ་དང་པ་ཨིན་མི་ ཁྱེགས་མཛོད་དེ་ཡང་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ ལྡུམ་རའི་ཐོན་སྐྱེད་ ཤིང་འབྲས་དང་ ཚོད་བསྲེ་ཚུ་ བཞག་ནིའི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢.༦ བཏང་ཐོག་ལས་ སྤྱི་ལོ་༢༠༡༢ ལུ་ རྐྱབ་ཡོདཔ་ཨིན་པས།
ཨིན་རུང་ ཁྱེགས་མཛོད་དེ་ སྤྱི་ལོ་༢༠༡༥ ལུ་ ཚལ་ལུ་བཞག་ནིའི་དོན་ལས་ ཚར་གཅིག་ལག་ལེན་འཐབ་ཡོདཔ་ད་ ཁྱེགས་མཛོད་ནང་ དཀའ་ངལ་བྱུང་མི་དེ་ འཕྲུལ་རིག་དང་འབྲེལ་བའི་ བཟོ་བཀོད་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
དར་དཀར་དཔལ་ལའི་ རྒྱལ་ཡོངས་ལོ་ཐོག་བསྡུ་གསོག་ལྟེ་བའི་འཛིན་སྐྱོང་པ་ བསྟན་འཛིན་རབ་རྒྱས་ཀྱིས་ སླབ་མིའི་ནང་ ཁྱིམ་ཐོག་གུ་ལས་ ཆུ་འཛགས་མི་ལུ་བརྟེན་ ཁྱེགས་མཛོད་ནང་ཡོད་པའི་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུངམ་ལས་ ལག་ལེན་འཐབ་མ་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༥ ཟླ་༣ པའི་ནང་ རླུང་འཚུབས་ཀྱིས་ ནང་འདྲེན་འབད་མི་ མེ་རྐྱེན་ཉེན་སྐྱོབ་ཀྱི་ ཁྱིམ་ཐོག་དེ་ མེདཔ་བཏང་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་ ཁྱིམ་ཐོག་བཀབ་མི་ལུ་ དངུལ་ཀྲམ་༦༥༠,༠༠༠ དེ་རེ་ གོང་ཚད་གནསཔ་ཨིན་པས།
ཁྱིམ་ཐོག་མེད་པར་ ཟླཝ་༦ དེ་ཅིག་ སྡོད་པའི་ཤུལ་ལས་ ཆུ་ཐུབ་ཏིར་པཱལ་ལག་ལེན་འཐབ་ཅི་ཟེར་ཨིནམ་ད་ དེ་ཡང་ ཡུན་བརྟན་སྦེ་ སྡོད་མ་ཚུགས་མི་ལུ་བརྟེན་ ཤིང་ལེབ་བཀབ་རུང་ ཆུ་འཛགཔ་མས་ཟེར་ བསྟན་འཛིན་རབ་རྒྱས་ཀྱིས་ བཤདཔ་ཨིན་པས།
ནུབ་མོ་ཨ་རྟག་ར་ ཁྱེགས་མཛོད་ཀྱི་ སྒོ་སྒྲིག་དང་ སྒོ་བསྡམ་པར་འགྱོཝ་ད་ ལས་བྱེདཔ་ཚུ་ལུ་ ཉེན་ཁ་འདུག་ཟེར་ཨིནམ་ད་ ཁོང་གིས་ ལྟ་རྟོག་འབད་དེ་ རླུངམ་འཛུལ་ས་དང་ བསིལ་ཏོང་ཏོ་ལམ་ལུགས་ཚུ་ སྐྱོན་མེདཔ་སྦེ་ བཞག་དགོཔ་ཨིན་པས།
ལྟེ་བ་གིས་ ཁྱེགས་མཛོད་སྐོར་ལས་ གཞུང་ལྟེ་བ་ལུ་ སྙན་ཞུ་འབད་ཡོད་རུང་ འཆར་དངུལ་མེད་པའི་སྐོར་ལས་ ཤེས་རྟོགས་བྱུང་ཡོདཔ་ད་ ཁྱིམ་ཐོག་དེ་ ཉམས་བཅོས་འབད་ཚུགས་པ་ཅིན་ མཐུན་རྐྱེན་ལོག་ལག་ལེན་འཐབ་འོང་ཟེར་ཨིན་པས།
བསྟན་འཛིན་རབ་རྒྱས་ཀྱིས་ སླབ་མིའི་ནང་ ཁྱེགས་མཛོད་དེ་ བརྒྱ་ཆ་ཧྲིལ་བུ་ ཉམས་བཅོས་འབད་མ་ཚུགས་རུང་ ཚོད་བསྲེའི་ཐོན་སྐྱེད་ཚུ་ བཞག་ནི་ལུ་ ལྷན་ཐབས་འབད་ཚུགས་པས་ཟེར་ཨིནམ་ད་ མི་སེར་ཚུ་གིས་འབད་རུང་ ཁྱེགས་མཛོད་ནང་ ཐོན་སྐྱེད་བཞག་ནི་གི་ སྤྲོ་བ་བསྐྱེད་མི་ གངམ་མེད་པའི་ཁར་ ཐོན་སྐྱེད་ཚུ་ཡང་ མང་ཤོས་ར་ མེདཔ་ཐལ་མི་རྐྱངམ་གཅིག་ བཞགཔ་མས་ཟེར་ཨིན་པས།
ཁྱེགས་མཛོད་དེ་ སོ་ནམ་པ་ཚུ་གི་ ཤིང་འབྲས་དང་ ཚོད་བསྲེའི་ཐོན་སྐྱེད་ཀྱི་ རྒུད་མར་ཕབ་འབད་ནི་དང་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ རང་བཞིན་གྱིས་སྨིན་པའི་ ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནི་དམིགས་ཏེ་ རྐྱབ་ཡོདཔ་ཨིན་པས།
འཛིན་སྐྱོང་པ་གིས་ སླབ་མིའི་ནང་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་ཐོན་སྐྱེད་ཚུ་ ཧེ་མ་ལས་ བསྡུ་གསོག་འབད་དེ་ མེདཔ་ཐལ་ནི་གུ་ལྷོདཔ་ད་རྐྱངམ་གཅིག་ ཁྱེགས་མཛོད་ནང་ བཞགཔ་མས་ཟེར་ཨིནམ་ད་ ཁྱེགས་མཛོད་ནང་ བཞག་དགོ་པ་ཅིན་ ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ བསྡུ་གསོག་འབད་དགོཔ་བཞིན་དུ་ དེ་མེན་ ཐོན་སྐྱེད་གཞན་ཚུ་ མེདཔ་གཏང་འོང་ཟེར་ཨིན་པས།
སྤྱི་ལོ་༢༠༡༥ ལུ་ ཁྱེགས་མཛོད་དེ་ ཕན་ནུས་ཡོད་མེད་ བལྟ་ནི་དང་ ཡར་དྲག་གཏང་ནིའི་དོན་ལུ་ མོ་བཏབ་བཟུམ་ཅིག་སྦེ་ ཚལ་ལུ་ཀེ་ཇི་༨༨༠ དེ་ཅིག་ བཞག་ཡོད་རུང་ ཆུ་འཛགས་མི་ལུ་བརྟེན་ མཐར་འཁྱོལ་མ་བྱུང་པས།
མཐུན་རྐྱེན་དེ་ཡང་ ཤར་ལྷོ་ཨེ་ཤ་ཡ་མཐུན་འབྲེལ་ཚོགས་པའི་ གོང་འཕེལ་མ་དངུལ་གྱི་ མ་དངུལ་ཐོག་ལས་ རྐྱབ་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *