ཕྱགས་སྙིགས་སྐམ་དང་ རློནམ་ཚུ་ ཕྱི་སེལ་རྐྱབ་པའི་བསྒང་།

ཁྱིམ་སྒོ་བཤལ་ཏེ་ ཕྱགས་སྙིགས་ཕྱི་སེལ་གྱི་ གོ་བརྡ་སྤྲོད་དོ་ཡོདཔ།

༉ སྤྱི་ཟླ་༡༡ པའི་ཚེས་༢༢ ལས་ ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་གིས་ ཐིམ་ཕུག་བདེ་ཆེན་ཆོས་གླིང་ལས་ སྔགས་པའི་རོང་ཆུ་ཚུན་ ཁྱིམ་སྒོ་བཤལ་ཏེ་ ཕྱགས་སྙིགས་ཕྱི་སེལ་རྐྱབ་ཐངས་སྐོར་ལས་ གོ་བ་བརྡ་སྤྲོད་འབད་ནིའི་ལས་རིམ་ འགོ་བཙུགས་ཡོདཔ་ཨིན་པས།
ཚོགས་ཆུང་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ དེ་བཟུམ་མའི་ ལས་རིམ་དེ་ཡང་ གཙང་སྦྲ་དང་ སྔོ་ལྗང་ལྡན་པའི་ འབྲུག་གི་དོན་ལུ་ཨིན་ཟེར་ཨིནམ་ད་ ཕྱགས་སྙིགས་སྐམ་དང་ རློནམ་༢ ཕྱི་སེལ་རྐྱབ་ནི་དེ་ ཁག་ཆེ་བའི་སྐོར་ལས་ གོ་བརྡ་སྤྲོད་ནིའི་ནང་ བདེ་སྲུངཔ་༢༦ དེ་ཅིག་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གོ་བརྡའི་ལས་རིམ་དེ་གིས་ ཕྱགས་སྙིགས་སྐམ་དང་རློནམ་ ཕྱི་སེལ་མ་རྐྱབ་མི་ཚུ་ ངོས་འཛིན་འབད་ནི་ཨིནམ་ད་ གོ་བརྡ་སྤྲོད་ཚར་བའི་ཤུལ་ལས་ ཁྲིམས་ལུ་མ་གནས་པ་ཅིན་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ཁྲིམས་ལུགས་དང་འཁྲིལ་ཏེ་ ཉེས་བྱ་བཀལ་འོང་ཟེར་ཨིན་པས།
ཕྱགས་སྙིགས་ཕྱི་སེལ་མ་རྐྱབ་མི་ཚུ་ལུ་ ཐེངས་དང་པའི་ནང་ ཉེས་བྱ་དངུལ་ཀྲམ་༣,༠༠༠ དང་ ཐེངས་༢ པའི་ནང་ དངུལ་ཀྲམ་༦,༠༠༠ དེ་ལས་ ཐེངས་༣ པའི་ནང་ དངུལ་ཀྲམ་༩,༠༠༠ བཀལ་ནི་ཨིནམ་བཞིན་དུ་ གོ་བརྡའི་ལས་རིམ་དེ་ སྤྱི་ཟླ་༡༡ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་དང་འདྲཝ་སྦེ་ སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ སྤ་རོ་རྫོང་ཁག་བདག་སྐྱོང་གིས་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ཁྲིམས་ལུགས་༢༠༢༦ ཅན་མ་ལུ་མ་གནས་མི་ ཚོང་པ་དང་ སྣུམ་འཁོར་བཅོ་ཁང་༡༠༠ དེ་ཅིག་ལུ་ ཉེས་བྱ་བཀལ་ཡོདཔ་བཞིན་དུ་ ཉེས་བྱ་བསྡོམས་ དངུལ་ཀྲམ་༥༠,༦༠༠ དེ་ཅིག་ བསྡུ་ལེན་འབད་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ སྤ་རོ་ཚོང་འདུས་དང་ བོང་སྡེ་ འུ་ཆུ་ལ་སོགས་པའི་ ས་ཁོངས་ཚུ་ནང་ ཕྱགས་སྙིགས་སྔོན་འགོག་དང་ འཛིན་སྐྱོང་ཁྲིམས་ལུགས་ལུ་ གནས་མ་གནས་ཀྱི་ ཞིབ་དཔྱད་འབད་ཡོདཔ་བཞིན་དུ་ རྒེད་འོག་གཞན་ཚུ་ནང་ཡང་ འཕྲོ་མཐུད་ཞིབ་དཔྱད་འབད་ཡོདཔ་ཨིན་པས།
ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་གིས་ གྲོས་འདེབས་འབད་མི་དང་འཁྲིལ་ཏེ་ ཞིབ་དཔྱད་དང་ ལྟ་རྟོག་འབད་ཡོདཔ་ད་ ཟླཝ་འདི་གི་ སྔ་ཆ་དེ་ཅིག་ཁར་ བློན་ཆེན་གྱིས་ རྒྱལ་ཁབ་ནང་ ཕྱགས་སྙིགས་འཛིན་སྐྱོང་ལམ་ལུགས་དེ་ དམ་དམ་སྦེ་ར་ ལག་ལེན་འཐབ་ནིའི་དོན་ལུ་ ཕྱགས་སྙིགས་འཛིན་སྐྱོང་ཚོགས་ཆུང་ གཞི་བཙུགས་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༢༡ ལུ་ ཚོགས་ཆུང་གིས་ རྫོང་ཁག་༢༠ འི་ རྫོང་བདག་ཚུ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་ལུ་ ཤུགས་བཏོན་དགོ་པའི་ ཞལ་འཛོམས་འཚོགས་ཡོདཔ་བཞིན་དུ་ ཕྱགས་སྙིགས་འཛིན་སྐྱོང་གི་ ཁྲིམས་ལུགས་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་དགོ་པའི་ ཞུ་བ་འབད་ཡོདཔ་ཨིན་པས།
ཞལ་འཛོམས་སྐབས་ སང་ཕོད་ལས་ རྫོང་ཁག་དང་ ཁྲོམ་སྡེ་ག་རའི་ནང་ གཙང་སྦྲ་དང་ ཕྱགས་སྙིགས་འཛིན་སྐྱོང་གི་ བརྟག་ཞིབ་འབད་དེ་ རྫོང་ཁག་དྲག་ཤོས་ཚུ་ ངོས་འཛིན་འབད་ནི་ཨིན་པའི་ སྙན་ཞུ་འབད་ཡོདཔ་མ་ཚད་ འཕྲལ་མགྱོགས་ར་ ལག་ལེན་འཐབ་ནི་ཨིན་མི་ ཉེས་བྱ་གསརཔ་གི་སྐོར་ལས་ཡང་ བརྡ་སྤྲོད་འབད་ཡོདཔ་ཨིན་པས།
འགན་འཁྲི་ཚུ་ ཕྱགས་སྙིགས་འཛིན་སྐྱོང་གི་ དམིགས་གཏད་སྦེ་ འབག་ནི་ཨིནམ་བཞིན་དུ་ གྲུབ་འབྲས་བརྡ་སྟོན་ཐབས་ལམ་དེ་ ལས་སྡེའི་གྲུབ་འབྲས་གན་ཡིག་ནང་ བཙུགས་ཞིནམ་ལས་ ངོ་རྐྱང་ཚུ་ཡང་ བརྟག་ཞིབ་འབད་ནི་ཨིནམ་ད་ གྲུབ་འབྲས་བརྡ་སྟོན་ཐབས་ལམ་དང་ ལས་སྡེ་གྲུབ་འབྲས་གན་ཡིག་དེ་ ཞི་གཡོག་ནང་ འགན་འཁྲི་དང་ གྲུབ་འབྲས་ངེས་བརྟན་བཟོ་ནིའི་ འཛིན་སྐྱོང་གི་ ལག་ཆས་ཅིག་ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *