ཁྱིམ་བཟོའི་སྲིད་བྱུས་ ཆ་འཇོག་མ་འགྲུབ་པའི་ཧེ་མར་ ཚུལ་མཐུན་བསམ་ལན།

༉ འཕྲལ་མགྱོགས་ར་ བསྐྱར་ཞིབ་འབད་མི་ ཁྱིམ་བཟོའི་སྲིད་བྱུས་དེ་ མཐའ་བཅད་བཟོ་ནི་ཨིནམ་ལས་ དེ་གིས་ ཁྲོམ་སྡེ་ནང་ ཁང་གླ་སྤྲོད་དེ་སྡོད་མི་བརྒྱ་ཆ་༨༡ དེ་ཅིག་གི་ དཀའ་ངལ་བསལ་ཚུགས་ནི་ཨིན་མས།
སྡོད་ཁྱིམ་མ་ལང་པའི་གནད་དོན་དེ་ ཡུན་རིང་གི་དཀའ་ངལ་ཅིག་ཨིནམ་ད་ དེ་ཡང་ ངོ་མ་ར་ འོང་འབབ་ཆུང་རིམ་དང་ འབྲིང་རིམ་ནང་འབད་མི་ཚུ་ལུ་ ཚབས་ཆེན་སྦེ་ར་ བྱུང་བཞིན་དུ་འདུག།
སྡོད་ཁྱིམ་དང་འབྲེལ་བའི་ གནད་དོན་མང་ཤོས་ར་ ཁྲིམས་དང་སྲིད་བྱུས་ཚུ་ ལངམ་སྦེ་མེད་ནི་དེ་གིས་ཨིནམ་ད་ གལ་སྲིད་ བསྐྱར་ཞིབ་འབད་མི་ ཁྱིམ་བཟོའི་སྲིད་བྱུས་དེ་ བསྟར་སྤྱོད་འབད་ནི་ འགོ་བཙུགས་པ་ཅིན་ སྤྱིར་བཏང་ཁང་གླར་སྡོད་མི་ཚུ་ལུ་ ཕན་ཁྱད་སྦོམ་སྦེ་ར་ འབྱུང་ནི་ཨིན་མས།
ད་ལྟོ་བཟུམ་ཅིག་འབད་བ་ཅིག་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁང་གླ་མཐོ་སུ་སྦེ་ སླབ་མི་དེ་ཡང་ གཙོ་བོ་ར་ ས་ཆ་དཀོན་སུ་ཅིག་ལས་མེད་པའི་ཁར་ སའི་གོང་ཚད་ཡར་སེང་སོང་ནི་དེ་གིས་ཨིན་མས།
ཁྱིམ་བཟོའི་སྲིད་བྱུས་དེ་གིས་ ཁྱིམ་བཟོ་གོང་འཕེལ་གཏང་ནིའི་དོན་ལུ་ རྒྱལ་ཁམས་ཀྱི་ས་ཆ་ ངོས་འཛིན་འབད་ནི་ཨིནམ་མ་ཚད་ ལས་འཛིན་དང་ སྡོད་གནས་ས་ཁོངས་བཟོ་སྐྲུན་འབད་མི་ཚུ་ལུ་ གླ་ཁར་གཏང་ནི་ཨིན་མས།
ཕྱོགས་གཅིག་ལས་བལྟ་བ་ཅིན་ ཁྱིམ་རྐྱབ་ནིའི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེནམ་ད་ སྐྱེད་མཐོ་ནི་དེ་གིས་ སའི་ཇོ་བདག་ཚུ་གིས་འབད་རུང་ སྐྱིན་ཚབ་བཏབ་ནིའི་དོན་ལུ་ ཁང་གླ་སེང་དོ་ཡོད་པའི་ ཤེས་རྟོགས་བྱུངམ་ཨིན་མས།
འབྲུག་མི་མང་ཤོས་ཅིག་གིས་ ཉེན་སྲུང་ཅན་དང་ གོ་སྐབས་ཡོདཔ་ དེ་ལས་ རང་ལུགས་ཀྱི་བཟོ་བཀོད་ ཉམས་སྲུང་འབད་ནིའི་ གནད་དོན་ཚུ་ལུ་ གཙོ་བོར་མི་བཏོན་དོ་ཡོདཔ་ལས་ ད་ལས་ཕར་ སྲིད་བྱུས་དེ་གིས་ འདི་བཟུམ་མའི་ གནད་དོན་ཆ་མཉམ་ར་ ལྟ་རྟོག་འབད་ནི་ཨིན་མས།
འཐུང་ཆུའི་དཀའ་ངལ་ཡོད་པའི་ཁར་ ཁང་གླ་སྤྲོད་ཚུགས་རུང་མ་ཚུགས་རུང་ གཞུང་གཡོགཔ་དང་ སྤྱི་གཡོགཔ་མང་ཤོས་ཅིག་གིས་
ཁོང་རའི་ དངུལ་ཕོགས་བརྒྱ་ཆ་༤༠ ལས་མ་ཉུངམ་སྦེ་ ཁང་གླ་སྤྲོད་དོ་ཡོད་མི་དེ་ སྲིད་བྱུས་དང་འཁྲིལ་བ་ཅིན་ བརྒྱ་ཆ་༣༠ ལས་མ་བརྒལཝ་སྦེ་ བཟོ་ཐབས་འབད་ནི་ཨིན་མས།
ཁྲོམ་སྡེ་མང་ཤོས་ཅིག་ར་ ས་གོ་དོག་དྲགས་སྦེ་ཡོད་ནི་དེ་གིས་ སྤྲོ་འཁྱམས་ཀྱི་དོན་ལུ་ ཁྲོམ་སྡེའི་ཕྱི་ཁར་ འགྱོ་དོ་ཡོདཔ་ད་ གནད་དོན་གཅིག་ སྡོད་ཁྱིམ་ས་ཁོངས་དང་ ལཱ་འབད་སའི་ས་གནས་བར་ན་ ཡུན་བརྟན་ཅན་དང་ གླ་ཆ་ཉུང་སུ་འབད་མི་ མི་མང་སྐྱེལ་འདྲེན་ལམ་ལུགས་ འགོ་བཙུགས་པ་ཅིན་ དེ་གིས་ ཁང་གླ་མར་ཕབ་འབད་ཚུགས་པའི་ མངོན་གསལ་བྱུངམ་ཨིན་མས།
སྒྲིང་ཁྱིམ་ཚུ་གི་དོན་ལུ་ བཟོ་བཀོད་དང་ དགོས་མཁོ་ཚུ་ ས་གནས་དང་བསྟུན་ཏེ་ འགྱོ་དོ་ཡོདཔ་ད་ དེ་ཡང་ ཁྲོམ་སྡེའི་ཕྱི་ཁར་ སྒྲིང་ཁྱིམ་བཟོ་སྐྲུན་འབད་མི་ཚུ་གིས་ ཁྱིམ་བཟོའི་ཚད་ལྡན་དགོས་མཁོ་དང་མ་འཁྲིལ་ནི་དེ་གིས་ བཟོ་སྐྲུན་གྱི་རྒྱུ་ཆས་ཚུ་ལས་ ཟད་འགྲོ་མར་ཕབ་འབད་ཚུགས་དོ་ཡོདཔ་ཨིན་མས།
ཁྲོམ་སྡེ་ནང་འབད་བ་ཅིན་ ལམ་ལུགས་སྒྲིང་སྒྲི་ཡོད་ནི་དེ་གིས་ སྒྲིང་ཁྱིམ་བཟོ་སྐྲུན་འབདཝ་ད་ ཚད་ལྡན་སྤུས་ཚད་དང་འཁྲིལ་དགོ་ནི་དེ་གིས་ ལྷག་པར་དུ་ ཟད་འགྲོ་ཡར་འཕར་འགྱོ་དོ་ཡོདཔ་ཨིན་མས།
ཡུན་རིང་བསྒུགས་སྡོད་མི་ ཁྱིམ་བཟོའི་སྲིད་བྱུས་ ཟིན་འགོད་འབད་མི་དེ་ མི་མང་གིས་ བསམ་ལན་བཀོད་ནིའི་དོན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་ཀྱི་ ཡོངས་འབྲེལ་འཆར་སྒོ་ནང་ བཙུགས་ཏེ་ཡོདཔ་ད་ མི་འབོར་ཕྱེད་ལྷགཔ་ཅིག་ལུ་ ཕན་ཁྱད་འབྱུང་ནི་ཨིན་མི་ སྲིད་བྱུས་དེ་ ལེགས་ཤོམ་བཟོ་ནིའི་དོན་ལུ་ ག་ར་གིས་ གོ་སྐབས་ལེན་དགོཔ་འདུག།
དེ་མིན་པ་ཅིན་ བསྐྱར་ཞིབ་འབད་མི་ ཁྱིམ་བཟོའི་སྲིད་བྱུས་དེ་ ཆ་འཇོག་འགྲུབ་པའི་ཤུལ་ལས་ མ་བཏུབ་པའི་ ཉོགས་བཤད་བཀོད་ནི་དང་ སྐྱོན་བརྗོད་འབད་བ་ཅིན་ དུས་ཚོད་ཕྱིས་ནི་ཨིནམ་ལས་ ད་ལྟོ་ལས་ར་ འབྲེལ་གཏོགས་འབད་གནང་།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *