སྤྱི་ལོ་༢༠༡༨ ཟླ་༡༢ པའི་ནང་ལས་ བཟོ་ལཱ་འགོ་བཙུགས་མི་ ཤིང་ཆས་བཟོ་ཁང་ནང་ ལག་ལེན་གྱི་དོན་ལུ་ གྲ་སྒྲིག་སྦེ་བཞག་མི་ འཐིང་གཞི་དང་ སྒོ་པང་ཚུ།

ཁྱིམ་བཟོའི་དོན་ལུ་ སི་སི་ཤིང་ ལག་ལེན་འཐབ་མི་མངམ་མེདཔ།

༉ གཞོང་སྒར་ཤར་ཕྱོགས་ལུང་ཕྱོགས་ རང་བཞིན་ཐོན་སྐྱེད་གོང་འཕེལ་ལས་འཛིན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཤིང་སྲ་ཀྲག་ཅིག་ཨིན་མི་ སི་སི་ཤིང་གི་ ཤིང་ཆས་ཚུ་ ཤར་ཕྱོགས་ལུང་ཕྱོགས་ནང་ལས་ འབོར་ཆེ་ཏོག་ཏོ་སྦེ་ ཐོན་སྐྱེད་འབདཝ་ཨིན་རུང་ མཁོ་འདོད་བཀོད་མི་ གངམ་མིན་འདུག་ཟེར་ཨིན་པས།
ཤར་ཕྱོགས་ལུང་ཕྱོགས་ནང་ མོང་སྒར་གླིང་མེད་ཐང་དང་ ཀོ་རི་ལ་ ལྷུན་རྩེ་རོང་མཱན་ཆུ་ བཀྲ་ཤིས་གཡང་རྩེ་ གདོང་སྡེ་ཆུ་ དེ་ལས་ བཀྲ་ཤིས་སྒང་མཁའ་གླིང་ཁ་རུང་ལ་ཟེར་ ནགས་ཚལ་འཛིན་སྐྱོང་ས་ཁོངས་༥ ཡོད་ས་ལས་ ཤིང་སྲ་ཀྲ་གི་ རིགས་མཐོ་ཤོས་དེ་ གདོང་སྡེ་ཆུ་ལས་ ལོ་བསྟར་བཞིན་དུ་ ཤིང་ཆས་སི་ཨེཕི་ཊི་༥༥,༠༠༠ དང་༡༡༧,༠༠༠ གི་བར་ན་ ཐོན་སྐྱེད་འབད་དོ་ཡོད་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ སི་སི་ཤིང་གི་ ཐོན་སྐྱེད་ཨིན་པས།
དེ་བཟུམ་སྦེ་ མཁའ་གླིང་ཁ་རུང་ལ་ལུ་ ཤིང་གི་རིགས་སི་ཨེཕ་ཊི་༢༢,༠༠༠ དང་ མོང་སྒར་ཀོ་རི་ལ་ལུ་ སི་ཨེཕ་ཊི་༣༥༠༠༠ དེ་ཅིག་ ཐོན་སྐྱེད་འབད་ཡོད་མི་ལས་ བརྒྱ་ཆ་༩༠ སི་སི་ཤིང་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ སི་སི་ཤིང་གི་རིགས་ ལྷམ་པ་༦ དེ་ཅིག་ཡོད་མི་ལས་ སི་སི་དམརཔོ་དང་ སི་སི་དཀརཔོ་༢ ས་ཁོངས་ཚུ་ནང་ལས་ ཐོན་སྐྱེད་འབད་དོ་ཡོད་རུང་ སི་སི་ཤིང་ཚུ་ ལས་འཛིན་གྱི་ ནགས་ཚལ་འཛིན་སྐྱོང་ས་ཁོངས་གཞན་ཚུ་ནང་ལས་ ཐོན་སྐྱེད་འབད་ནི་མེད་ཟེར་ཨིན་པས།
རྟ་མགྲིན་དབང་ཕྱུག་གིས་ སི་སི་ཤིང་དེ་ ཤིང་སྲ་ཀྲག་ཚུ་གི་ རིགས་ལས་ཡང་ སྲ་ཀྲག་ཀྲག་དང་ ཚེ་ཡོད་མི་ཅིག་ཨིན་རུང་ རྒྱལ་ཁབ་ནང་ མཁོ་འདོད་བཀོད་མི་ མངམ་མི་ཐོན་པས་ཟེར་ བཤད་པའི་ཁར་ སི་སི་ཤིང་དེ་ ཡུ་ཨེསི་དང་ ཡུ་རོབ་རྒྱལ་ཁབ་ཚུ་ནང་ ཡོངས་གྲགས་ཅན་ཨིནམ་མ་ཚད་ གོང་ཚདཡང་ གྲུ་བཞི་མི་ཊར་རེ་ལུ་ ཌོ་ལར་༣,༥༠༠ དེ་ཅིག་གནས་རུང་ རྒྱལ་ཁབ་ནང་ ཀིའུ་བིག་མི་ཊར་རེ་ལུ་ དངུལ་ཀྲམ་༥,༠༠༠ དེ་ཅིག་ར་ཨིན་རུང་ ཉོ་མི་མིན་འདུག་ཟེར་ བཤདཔ་ཨིན་པས།
ད་ཚུན་ རེ་གཉིས་ཉོ་བར་ འོང་མི་ཚུ་ཡང་ ཐིམ་ཕུག་དང་ སྤ་རོ་ཚུ་ནང་ལས་ སྐྱིད་གནས་ཁང་རྐྱབ་མི་ཚུ་ཨིནམ་ད་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ལས་ ཤིང་ཉོ་འབག་མི་ཟེར་རུང་ ཡོངས་ལྷ་དགོན་པ་ཉམས་གསོ་ཞུ་ནིའི་དོན་ལུ་ ཤིང་སི་ཨེཕི་ཊི་༧,༠༠༠ དེ་ཅིག་ ཉོ་འབག་མི་དེ་ར་ཨིན་པས།
ད་ལྟོ་ ལུང་ཕྱོགས་ཡིག་ཚང་གི་འོག་ལུ་ གདོང་སྡེ་ཆུ་ལུ་ སི་སི་ཤིང་དུམ་སི་ཨེཕ་ཊི་༡༨,༠༠༠ དེ་ཅིག་ བཙོང་མ་ཚུགས་པར་ཡོདཔ་ད་ འདས་པའི་ལོ་དག་པ་ཅིག་གི་ཧེ་མར་ སི་སི་ཤིང་སླ་བསྲེས་པའི་ ཤིང་དུམ་སི་ཨེཕ་ཊི་༨༠,༠༠༠ དེ་ཅིག་ རུལ་ཡོདཔ་ཨིན་པས།
དེ་འབདཝ་ལས་ སི་སི་ཤིང་དང་ ཤིང་སྲ་ཀྲག་གི་རིགས་ཚུ་ ཚོང་འབྲེལ་འཐབ་ཚུགས་ཐབས་ལུ་ ལུང་ཕྱོགས་ཡིག་ཚང་གིས་ འཕྲལ་ཁམས་ཅིག་ཁར་ ཐབས་ཤེས་གསརཔ་ གླིང་མེད་ཐང་ལུ་ ཤིང་ཆས་བཟོ་ཁང་ཅིག་ གཞི་བཙུགས་འབད་བའི་ཤུལ་ལས་ ཧེ་མ་དང་ཕྱདཔ་ད་ མཁོ་འདོད་བཀོད་མི་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ཟླ་༡༢ པའི་ནང་ལས་ བཟོ་ལཱ་འགོ་བཙུགས་མི་ ཤིང་ཆས་བཟོ་ཁང་ནང་ འཐིང་གཞི་དང་ སྒོ་པང་ཚུ་ བཟོ་བའི་ཤུལ་ལས་ ཚོང་འབྲེལ་ལུ་ ལྷན་ཐབས་འབད་ནུག།
དེ་ཡང་ ལུང་ཕྱོགས་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཤིང་ཆས་བཟོ་ཁང་ནང་ལས་ ཤིང་ཆས་ཕིཊ་གྲུ་བཞི་༦༨,༠༠༠ དེ་ཅིག་ བཙོང་ཡོད་མི་ལས་ མང་ཤོས་ར་ སྤ་རོ་དང་ཐིམ་ཕུག་ལུ་ འབག་ཡོད་རུང་ ལུང་ཕྱོགས་ནང་འཁོད་ལུ་ དུས་ཅི་འགོ་དང་པ་ མོང་སྒར་ཁྲོམ་གྱི་ སྒྲིང་ཁྱིམ་ཇོ་བདག་ཚུ་གིས་ ཁང་མིག་བཅད་རྐྱབ་ནིའི་དོན་ལུ་ ཤིང་ཆས་ཕིཊ་གྲུ་བཞི་༢,༠༠༠ དང་༣,༠༠༠ གི་བར་ན་ ཉོ་འབག་ནུག།
ཤིང་ཆས་བཟོ་ཁང་དེ་ནང་ ལཱ་འབད་མི་ ལག་ཤེས་བཟོ་རིག་སྤེལ་ཁང་ལས་ མཐར་འཁྱོལ་མི་༥ དང་ ལས་རོགསཔ་༣ ཡོདཔ་ད་ མ་འོངས་པར་ སྒོ་དང་སྒོ་སྒྲིག་ ཟ་ཁང་སྦོམ་ཚུ་གི་དོན་ལུ་ མེ་ཏོག་བཙུགས་ས་ དེ་ལས་ པར་ཁྲམ་ལ་སོགས་པའི་ བཟོ་སྐྲུན་ནང་ དགོས་མཁོའི་རིགས་ཚུ་ཡང་ མཁོ་འདོད་དང་འཁྲིལ་ བཟོ་ནི་གི་ འཆར་གཞི་ཡོད་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པས།
ཤིང་ཚུ་ཡང་ ལུང་ཕྱོགས་ཡིག་ཚང་གི་ འཛིན་སྐྱོང་གི་ ས་གོ་ཚུ་ནང་ ཚུད་མི་ཚུ་རྐྱངམ་གཅིག་ཨིནམ་ད་ དེ་ནང་ ཤིང་༣༠༠ དེ་ཅིག་ བརྡབས་པ་ཅིན་ ལས་འཛིན་གྱིས་ ཤིང་ཚབ་༡,༠༠༠ ལྷགཔ་ཅིག་ འཛུགས་སྐྱོང་འབད་དོ་ཟེར་ བཤདཔ་ཨིན་པས།
ལུང་ཕྱོགས་འཛིན་སྐྱོང་པ་གིས་ བཤད་མིའི་ནང་ ཤིང་སྲ་ཀྲག་གི་ རིགས་ལས་ཡང་ སི་སི་ཤིང་དེ་ ཚེ་རིངམོ་སྦེ་ སྡོད་ཚུགས་ནི་དེ་གིས་ རང་སོའི་ཁྱིམ་བཟོ་སྐྲུན་དང་ དེ་གི་ནང་ལས་ཡང་ ལྷ་ཁང་དགོན་སྡེ་གསར་སྒྲུབ་ཀྱི་དོན་ལུ་ ལག་ལེན་འཐབ་དགོཔ་ ངེས་པར་དུ་ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སི་སི་ཤིང་དེ་ ཆརཔ་རེག་རུང་ ཤིང་གཞན་བཟུམ་ རུལ་མ་འགྱོ་བར་ ལོ་བརྒྱ་ལས་བཅད་དེ་ སྡོད་ཚུགས་མི་ཅིག་ཨིན་རུང་ འབྲུག་པའི་ལམ་སྲོལ་ནང་ གཙོ་བོ་ར་ ཁྱིམ་རྐྱབ་མི་ ཤིང་བཟོ་བོ་ལུ་ རག་ལསཔ་ལས་ ཤིང་སྲ་ཀྲག་ཡོད་ནི་དེ་གིས་ ལྕགས་གཟེར་བརྡབ་ནི་ལུ་ ལཱ་ཁག་རྐྱབ་མི་ལུ་བརྟེན་ གདམ་ཁ་མི་རྐྱབ་པས་ཟེར་ཨིན་པས།
སི་སི་ཤིང་དེ་ ཐབ་ཤིང་གི་དོན་ལུ་རྐྱངམ་གཅིག་ ལག་ལེན་འཐབ་དོ་ཡོདཔ་ལས་ ད་རེས་ནངས་པར་ བཟོ་སྐྲུན་གྱི་དོན་ལུ་ ལག་ལེན་འཐབ་མི་ དུམ་གྲ་ཅིག་ ཡར་སེང་སོང་ཡོད་རུང་ ད་ལས་ཕར་ གོ་བ་བརྡ་སྤྲོད་ཚུ་ལུ་བརྟེན་ ལག་ལེན་འཐབ་མི་ ཡར་སེང་འགྱོ་བའི་ རེ་བ་ཡོད་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *