ཁྱལཔ་ཚུ་གིས་ ཉེས་འཛུགས་འབད་མི་ལུ་ ཟུརཔ་ཚུ་གིས་ བདེན་ཁུངས་མེདཔ་སྦེ་ གསལ་ཞུ་འབད་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ ནུབ་སྦིས་རྒེད་འོག་ སེམ་སྦྱིས་གཡུས་ཚན་ནང་ ཁྱལཔ་དང་ ཟུརཔ་ཟེར་ཡོད་མི་ལས་ ཁྱལཔ་ཚུ་གིས་ ཟུརཔ་ཚུ་གི་གཡུས་ཁར་ སྨྱུང་གནས་དང་ ལེའུ་བདུནམ་ཟེར་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མིའི་ནང་ འདྲ་མཉམ་འབད་མ་བཏུབ་པའི་ རྩོད་གཞི་བཙུགས་ཡོད་མི་དེ་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ ཟུརཔ་གུང་པ་༡༠ གྱིས་ བརྒལ་ལན་ཕུལ་ཡི།
ཟུརཔ་ཚུ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ཁྱལཔ་ཚུ་གིས་ ནང་ཁྲལ་ལུ་ངོས་ལེན་འབད་མ་བཏུབ་པའི་ ཉེས་འཛུགས་འབད་མི་དེ་ ཁོང་གིས་འབད་བ་ཅིན་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ ནང་ཁྲལ་ཟེར་མི་དེ་ རྒྱལ་ཁབ་ཀྱི་ ཡར་རྒྱས་གནས་ཚད་དང་བསྟུན་ སོ་ནམ་ཞིང་ལམ་དང་ གློག་མེ་ དེ་ལས་ འཐུང་ཆུ་ཚུ་ ག་ཅིའི་དོན་ལུ་འབད་རུང་ ཟུརཔ་ཚུ་གིས་ ཕྱག་ཞུ་དོ་ཡོདཔ་ལས་ ནང་ཁྲལ་ངོས་ལེན་མི་འབད་བས་ཟེར་མི་དེ་ དོན་མེད་ཀྱི་ཉོགས་བཤད་ བཀོདཔ་ཨིན་མས་ཟེར་ཞུ་ཡི།
རྒེད་འོག་ནང་འགྲིག་ཚོགས་ཆུང་གིས་ དེའི་སྐོར་ལས་ཞུ་མི་དེ་ ཚོགས་ཆུང་གི་ གོ་བརྡ་ཙམ་མ་གཏོགས་ ནང་གསེས་ཀྱི་ དབྱེ་བ་དང་ སྔར་གྱི་ཕོག་ལམ་ཚུ་ དབྱེ་ཞིབ་མ་འབད་བར་ དེ་འཕྲོ་ལས་ ཁྱལཔ་ཚུ་གིས་ འགན་ཁག་འབག་སྟེ་ ཁྱལཔ་དང་ཟུརཔ་ཟེར་ དབྱེ་བ་མེད་པར་ གཅིག་མཚུངས་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ ངོས་ལེན་འབད་མ་ཚུགས་ཟེར་ ཁྲིམས་འདུན་ལུ་ ཞུ་ཡི།
རྒེད་འོག་བདག་སྐྱོང་གི་ ཡིག་ཚང་བཀའ་རྒྱ་གནང་མི་དེ་ ཁྱལཔ་གུང་པ་༡༠ དང་ ཟུརཔ་གུང་པ་༡༠ གྱི་བར་ན་ སྔོན་དང་ཕུ་ལས་ ཁྱལཔ་དང་ཟུརཔ་ཟེར་ ཐོབ་ལམ་དང་ཕོག་ལམ་ཚུ་ དབྱེ་བ་ཕྱེས་ཏེ་ ཁྱལཔ་ཚུ་གིས་ ཐོབས་ལམ་དང་བསྟུན་ སྔར་སྲོལ་གྱི་ཕོག་ལམ་ཚུ་ སྔོན་གོང་གི་ཁྲམ་དང་འཁྲིལ་ཕོག་ཡོདཔ་ལས་ དེ་ཚུ་ དབྱེ་ཞིབ་མ་འབད་བར་ དབྱེ་བ་མེད་པར་ གཅིག་མཚུངས་འབད་དགོཔ་སྦེ་ སླབ་ཡོདཔ་སྦེ་ཨིན་པས།
ནུབ་སྦིས་རྒེད་འོག་གིས་ ན་ཧིང་ སྤྱི་ཟླ་༨ པའི་ཚེས་༨ ལུ་ སྤྱི་འོག་ཚོགས་པ་དང་ དམངས་མི་ དེ་ལས་ རྒེད་འོག་ཁྲི་འཛིན་གྱི་ འགོ་ཁྲིད་ཐོག་ ནང་འགྲིག་ཚོགས་ཆུང་གིས་ ཁྲལ་འདྲ་མཉམ་འབག་དགོ་པའི་ གོ་བ་སྤྲོད་རུང་ ཟུརཔ་ཚུ་གི་ ཉན་མ་བཏུབ་ལས་ རྒེད་འོག་ཁ་ཐུག་ལས་ གཞུང་གི་སྲིད་བྱུས་དང་འཁྲིལ་ རྒེད་འོག་ལས་ འཐོན་ཁུངས་ག་ཅི་ཨིན་རུང་ ཕྱོགས་རིས་མེད་པར་ སྤྲོད་དགོཔ་ལྟར་དུ་ གཡུས་ཁའི་ཕོག་ཐངས་དང་ ཁྲལ་ཚུ་ ཕྱོགས་རིས་མེད་པར་ ཕོག་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་པས།
གནས་ཚུལ་འབྱུང་ཁུངས་དང་འཁྲིལཝ་ད་ རྒེད་འོག་གིས་ འགྲིག་ཆ་བཟོ་བར་འོང་ཡོད་རུང་ ཡིག་ཚང་བཀའ་རྒྱ་སྐོར་ལས་ ཟུརཔ་ཚུ་གིས་ ཤེས་རྟོགས་མེདཔ་མ་ཚད་ མི་༡ ལུ་ཡང་ བཀའ་རྒྱའི་འདྲ་མ་ཐོབ་པའི་ཁར་ ག་ནི་ཡང་ མ་སླབ་ཟེར་ཨིན་པས།
དེ་མ་ཚད་ ནང་འགྲིག་ཚོགས་ཆུང་དང་ ཞལ་འཛོམས་འཚོགས་པའི་སྐབས་ ཟུརཔ་ཚུ་ལུ་ ཁ་གསལ་རྐྱབ་ནིའི་ གོ་སྐབས་མ་བྱིན་པར་ གྲོས་ཆོད་བཏོན་ཡོདཔ་ད་ དེའི་སྐོར་ལས་ གོ་བ་བརྡ་སྤྲོད་ག་ནི་ཡང་ མ་འབད་ཟེར་ཨིན་པས།
ཟུརཔ་གིས་འབད་བ་ཅིན་ ཁྱལཔ་ཟེར་མི་ཚུ་ སྔོན་དང་ཕུ་ལས་ ས་གཞི་ཡོད་མི་ཚུ་ ཕ་ཁྱིམ་དང་མ་ཁྱིམ་བཟུང་སྟེ་ ཁྲལ་དང་འུར་ལཱ་རྒྱུག་མི་ཨིན་རུང་ ཟུརཔ་ཚུ་ལུ་ ག་ཅི་ཡང་མེད་པར་ ཟུར་ཁ་ཐོན་སྡོད་མི་ཨིན་ཟེར་ཨིན་པས།
ཁྱལཔ་ཚུ་གིས་ རང་ཟླ་༡༢ པའི་ནང་ སྨྱུང་གནས་དང་ རང་ཟླ་༧ པའི་ནང་ གསོལ་འདེབས་ལེའུ་༧ དོན་ལུ་ ཟུརཔ་ཚུ་གིས་ འདྲ་མཉམ་འབད་མ་བཏུབ་ཟེར་མི་དེ་ ཟུརཔ་གིས་འབད་བ་ཅིན་ ཁྱལཔ་རེ་ལུ་ མཆོད་ནོར་༢ རེ་ཡོདཔ་ལས་ ཁྱལཔ་ཚུ་གིས་ འབད་དགོཔ་མ་གཏོགས་ དང་ཕུ་ལས་ར་ ཟུརཔ་ལུ་ བཀལ་སྲོལ་མེད་ཟེར་ ཁྲིམས་འདུན་ལུ་ཞུ་ཡི།
ཟུརཔ་ཚུ་གིས་འབད་བ་ཅིན་ ཁོང་ལུ་ ས་གཞི་དང་ མཆོད་ནོར་ དེ་བཟུམ་སྦེ་ ཐོབ་ལམ་གཞན་མེད་རུང་ དང་འདོད་དང་འཁྲིལ་ འབད་ཚུགསཔ་ཅིག་ ཕྱག་ཞུ་ཡི་ཟེར་ཨིནམད་ ཁྱལཔ་ཚུ་ལུ་ ཕོག་ལམ་ཡོད་མི་དང་ ཟུརཔ་ལུ་ཕོག་ལམ་མེད་མི་ འདྲ་མཉམ་བཀལ་ནིའི་རྩིས་རྐྱབ་སྟེ་ ཉོགས་བཤད་བཀོད་མི་དེ་ སྔོན་གྱི་ཁྲམ་དང་འཁྲིལ་དགོཔ་མ་གཏོགས་ ཟུརཔ་ཚུ་གིས་ ཕྱག་ཞུ་མི་ཚུགས་ཟེར་ ཞུ་ཡི།
དེ་བཟུམ་སྦེ་ བཀྲིས་ཆོས་གླིང་ལྷ་ཁང་གི་ དཀོན་གཉེར་ཐད་ཁར་ སྔོན་གོང་ལུ་འབད་བ་ཅིན་ ཁྱལཔ་ཚུ་ལུ་ཕོགཔ་ཨིན་རུང་ ཆོས་ཤེས་མི་ཅིག་ མེད་ནི་དེ་གིས་ སྟབས་མ་སྒྲིག་པར་ ཟུརཔ་གི་ཁ་ཐུག་ལས་ ཆོསཔ་ཅིག་གིས་ དཀོན་གཉེར་སྦེ་ མི་ལོ་༤༠ དེ་ཅིག་ ཕྱག་ཞུ་ཡི་ཟེར་ཨིནམ་ད་ དེའི་ཤུལ་ལས་ ཁྱལ་པའི་ཁ་ཐུག་ལས་ ཆོསཔ་ཅིག་གིས་ ཕྱག་ཞུ་ཡོདཔ་ཨིན་རུང་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཟུརཔ་ཚུ་གིས་ ཤེས་རྟོགས་མེད་རུང་ ཁོ་ དཀོན་གཉེར་མ་བཏུབ་པའི་ ཉོགས་བཤད་བཀོད་མི་ ཁྱལཔ་ཚུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ དཀོན་གཉེར་གྱི་ ཕོགས་དེ་ཡང་ དང་ཕུ་ལས་ ས་གཞི་ཡོད་མི་ཚུ་ ཁྱལཔ་ཚུ་གི་ ལག་པར་ཨིནམ་ལས་ ཟུརཔ་ཚུ་ལུ་ ག་ནི་ཡང་མེདཔ་ལས་ ས་གཞི་ལུ་བརྟེན་ ཕོགས་དེ་ཡང་ ཁྱལཔ་ཚུ་གིས་ ཕོག་ལམ་དང་འཁྲིལ་ འབད་ཡོདཔ་མ་གཏོགས་ ཟུརཔ་ཚུ་ལུ་ ས་མེདཔ་ལས་ ཕོགས་བསྡུ་ལེན་འབད་ནི་མེད་ཟེར་ཨིན་པས།
ལས་ཚན་དེ་ གཡུས་ཁར་ བརྡ་སྤྲོད་ལེན་འབད་མིའི་ཐད་ཁར་ ཁྱལཔ་ཚུ་གིས་ ཕོགས་དང་འཁྲིལ་ ཁོང་གི་ འགན་འཁྲི་ཨིནམ་མ་ཚད་ ལམ་ལུགས་དང་འཁྲིལ་ ལས་ཚན་སོར་བའི་སྐབས་ ཅ་ཆས་དང་ཡིག་ཆ་ཚུ་ རྩིས་སྤྲོད་ལེན་འབད་ནི་ཡོདཔ་ཨིན་རུང་ ལས་ཚན་ཟུརཔ་གིས་འབད་བའི་སྐབས་ ལམ་ལུགས་དང་འཁྲིལ་ རྩིས་སྤྲོད་ལེན་འབད་མ་བཏུབ་ཨིན་རུང་ ཕྱག་ཞུ་ཡི་ཟེར་ཨིན་པས།
ཟུར་པའི་ཁ་ཐུག་ལས་ འཆར་གཞིའི་ལས་སྣ་དང་ ལས་ཚན་ དེ་བཟུམ་སྦེ་ དཀོན་གཉེར་གྱི་ཐད་ ཁོང་གིས་ ཕྱག་ཞུ་བཞིན་དུ་ཡོད་རུང་ སྔོན་གོང་ལས་ ས་གཞི་དང་མཆོད་ནོར་ཚུ་ ཁྱལ་པའི་ལག་པར་ཨིནམ་ལས་ སྔར་ཁྲམ་དང་འཁྲིལ་ སྨྱུང་གནས་དང་ ལེའུ་༧ གཏང་ནི་དེ་ ཁྱལ་པའི་ཕོག་ལམ་ཨིནམ་ལས་ ཁོང་ལུ་ཕོགཔ་མ་གཏོགས་ ཟུརཔ་ལུ་མ་ཕོགཔ་ལས་ དབྱེ་བ་མེད་པར་ཕོག་ཟེར་མི་དེ་ ཕྱག་ཞུ་མི་ཚུགས་ཟེར་ ཞུ་ཡི།
ཀུན་གསལ་ལུ་ ཤེས་རྟོགས་བྱུང་མིའི་ནང་ ད་ཚུན་ ཁྱལཔ་ཚུ་གིས་ འབད་སྲོལ་ཡོད་པའི་ ཆོས་ཕྱོགས་ཀྱི་ལས་རིམ་ ལེ་ཤ་བཏོགས་བཏང་ཡོདཔ་ད་ སྨྱུང་གནས་དང་ ལེའུ་༧ རྐྱངམ་གཅིག་ བཞག་ནུག་ཟེར་ཨིནམ་ད་ ལེའུ་༧ པའི་སྐབས་ ཁྱལཔ་ཚུ་གིས་ བརྡ་སྤྲོད་འབད་བ་ཅིན་ ཟུརཔ་ཚུ་གིས་ མཉམ་རུབ་འབད་དོ་ཡོདཔ་ད་ སྨྱུང་གནས་སྐབས་ གནས་བརྟན་༡༦ དང་ དཀར་མེ་བརྒྱ་མཆོད་ཕུལ་ནི་དེ་ ཟུརཔ་ཚུ་གིས་ འབད་དོ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ ཟུརཔ་ཚུ་གིས་ བཤད་མིའི་ནང་ བླ་མའི་མཆོད་རྟེན་གྱི་དོན་ལུ་ བླམ་ཟླ་བབ་ཀྱིས་ ཟུརཔ་ཚུ་ལུ་ ས་གཞི་མེདཔ་ལས་ འབད་མི་ཚུགས་ཟེར་སླབ་སྟེ་ བརྟན་རྩ་མ་དངུལ་ ཁྱལཔ་ཚུ་ལུ་ བྱིན་ཡོདཔ་ཨིན་རུང་ ཁྱལཔ་ཚུ་གིས་ དེ་ཡང་འབད་མ་བཏུབ་པར་ བཞག་ཡི་ཟེར་ཨིན་པས།
ཁྱལ་པའི་ཁ་ཐུག་ལས་ བརྒལ་ལན་དེ་ སྤྱི་ཟླ་༩ པའི་ཚེས་༥ ལུ་ ཕུལ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *