ཁྱབ་བསྒྲགས་མ་འབད་ཚུན་ རྒྱ་གར་གྱི་དོན་ལུ་ ས་མཚམས་འཐོན་འཛུལ་ས་ཁོངས་༣ རྐྱངམ་གཅིག་ སྒོ་ཕྱེ་ནི།

༉ སྤྱི་ཟླ་༩ པའི་ཚེས་༢༣ ལས་ འབྲུག་ལུ་ ལོག་ལྟ་བཤལ་འགོ་བཙུགས་ནི་ཨིནམ་ལས་ ཁྱབ་བསྒྲགས་མ་འབད་ཚུན་ རྒྱ་གར་གྱི་དོན་ལུ་ ས་མཚམས་འཐོན་འཛུལ་ས་ཁོངས་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་ དེ་ལས་ བསམ་རྩེ་རྐྱངམ་གཅིག་ སྒོ་ཕྱེ་ནི་ཨིན་པས།

ལྟ་བཤལཔ་ག་ར་གིས་ སྐྱོད་ཐམ་གྱི་དོན་ལུ་ ཡོངས་འབྲེལ་དང་ ཡང་ཅིན་ ལྟ་བཤལ་ལག་ལེན་པ་བརྒྱུད་དེ་ ཞུ་ཡིག་བཙུགས་དགོཔ་ད་ ལྟ་བཤལཔ་ཚུ་གིས་ ཉིན་གྲངས་༩༠ གི་ སྐྱོད་ཐམ་འཐོབ་ནི་ཨིན་པས།

དེ་ཡང་ ཡོངས་འབྲེལ་ཐོག་ལས་ ཞལ་འཛོམས་འཚོགས་པའི་སྐབས་ མི་ཚུ་གིས་ ལྟ་བཤལ་གྲ་སྒྲིག་གི་སྐོར་ལས་ དྲི་བཀོད་འབདཝ་ད་ འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ དོགས་སེལ་འབད་ཡོདཔ་ཨིན་པས།

ཡོངས་འབྲེལ་ཐོག་གི་ སྐྱོད་ཐམ་དང་ གནང་བ་དེ་ ཉིན་གྲངས་༩༠ འི་དོན་ལུ་ ཆ་འཇོག་འབད་ནི་ཨིནམ་བཞིན་དུ་ ལྟ་བཤལཔ་ཚུ་གིས་ དེ་གི་ནང་འཁོད་ལུ་ ནམ་ར་ལྟ་སྐོར་འབད་བར་འོང་རུང་ འོང་ཆོག་ནི་ཨིན་པས།

སྐྱོད་ཐམ་དང་ ཡང་ཅིན་ ལྟ་སྐོར་འབད་ཆོག་པའི་གནང་བ་དེ་ ཐད་ཀར་དུ་ ཕྱི་མི་ནང་སྐྱོད་ཀྱི་ ཡོངས་འབྲེལ་ལམ་ལུགས་ནང་ འཐོབ་ཚུགས་ནི་ཨིནམ་ད་ ཞལ་འཛོམས་སྐབས་ ཕྱི་མི་ནང་སྐྱོད་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྫོང་ཁག་ལས་ རྫོང་ཁག་བརྒྱུད་དེ་འགྱོ་བའི་སྐབས་ ལྟ་བཤལཔ་ཚུ་གིས་ ཕྱི་མི་ནང་སྐྱོད་ཞིབ་དཔྱད་སྒོ་ར་ཚུ་ནང་ བསྒུག་སྡོད་མི་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྐྱོད་ཐམ་དང་ ཡང་ཅིན་ གནང་བ་གྲུབ་པའི་ ལྟ་བཤལཔ་ཚུ་གིས་ ཚད་འཛིན་འབད་བའི་ས་ཁོངས་མ་གཏོགས་ ས་ཁོངས་ག་ཏེ་ཡང་ ལྟ་སྐོར་འབད་ཆོག་ཟེར་ཨིན་པས།

ཨིན་རུང་ ལྟ་བཤལཔ་ཚུ་ རི་བཤལ་ལམ་སྟོན་པ་གིས་ འཁྱིད་དེ་ཡོད་པ་ཅིན་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ རི་བཤལ་གྱི་ལམ་སྦེ་ ངོས་འཛིན་འབད་དེ་ཡོད་པའི་ ཚད་འཛིན་ས་ཁོངས་ནང་ ལྟ་སྐོར་འབད་ཆོག་ནི་ཨིན་པས།

ལྟ་སྐོར་འབད་མ་ཆོག་པའི་ས་ཁོངས་ཚུ་ཡང་ བསམ་རྩེ་ལྕང་མཇུག་དང་ ཧཱ་ འདམ་ཐང་བརྒལ་ཏེ་ སྤ་རོ་ཕྱི་ཁ་དང་ དགུང་ཉི་རྩ་བ་ བུམ་ཐང་ཚོན་པ་དང་ ཁག་བཏང་ ལྷུན་རྩེ་ སྟག་སྤང་དང་ སེངྒེ་རྫོང་ བཀྲིས་གཡང་རྩེ་ སིང་ཕོད་དང་སྟོབས་རང་ བུམ་སྡེ་ལས་བརྒལ་ཏེ་ དེ་ལས་ ཐིམ་ཕུག་ སྲོས་དང་གླིང་བཞི་གི་ ས་ཁོངས་ཚུ་ཨིན་པས།

གལ་སྲིད་ ལྟ་བཤལ་དང་འབྲེལ་བའི་ སྟབས་མ་བདེཝ་འབྱུང་པ་ཅིན་ རྩོད་གཞི་ཕྱེ་ནི་དང་ ཕྱི་མི་ནང་སྐྱོད་ཀྱི་བཅའ་ཁྲིམས་དང་ ཁྲིམས་གཞན་དང་འཁྲིལ་ཏེ་ ཉེས་བྱ་བཏབ་ནི་ལ་སོགས་པ་བརྩིས་ཏེ་ འཐུས་ཤོར་བྱུང་མི་གི་ འགན་འཁྲི་དེ་ ལྟ་བཤལ་ལམ་སྟོན་པ་གིས་ འབག་དགོ་ཟེར་ ཕྱི་མི་ནང་སྐྱོད་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལྟ་བཤལཔ་ཚུ་ལུ་ བརྡ་དོན་ཐད་ཁར་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་ ཀོ་བིཌ་-༡༩ འི་ ནད་བཀག་སྨན་ཁབ་བཙུགས་ཡོད་པ་ཅིན་ ཨར་ཊི་-པི་སི་ཨར་གྱི་ བརྟག་དཔྱད་འབད་མི་དགོ་ནི་ཨིན་རུང་ ལྟ་སྐོར་འབད་ནི་གི་ ལྟ་སྐོར་ཉེན་བཅོལ་འོས་མཐུན་དེ་ གསལ་སྟོན་འབད་དགོ་ཟེར་ཨིན་པས།

ལྟ་བཤལཔ་ཚུ་ འཛུལ་བཞུགས་ས་ཁོངས་ནང་ལྷོད་པའི་སྐབས་ ཉེན་བཅོལ་བྱིན་མི་ འབྲུག་མི་ཚུ་ལས་ ནང་འཁོད་རྒྱུན་འགྲུལ་ཉེན་བཅོལ་ཚུ་ ཉོ་ནིའི་གོ་སྐབས་ཡང་ འཐོབ་ཚུགས་ཟེར་ ཚོགས་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལྟ་བཤལཔ་ཚུ་གིས་ དངུལ་རྐྱང་ཡུ་ཨེསི་ཌོ་ལར་༡༠,༠༠༠ འབག་ཆོག་ནི་ཨིནམ་ད་ ད་རེས་ ཏི་རུ་བརྗེ་སོར་མཐུན་རྐྱེན་དང་ སིམ་ཀཊ་ དེ་ལས་ ཁྲལ་སྟེགས་དེ་ གནམ་གྲུ་ཐང་གི་ས་ཁོངས་ནང་ གཞི་བཙུགས་འབད་དེ་ཡོདཔ་ཨིན་པས།

རྒྱལ་སྤྱི་དངུལ་འཛིན་ཤོག་བྱང་དེ་ འབྲུག་གི་ཁྲོམ་ནང་ ག་ར་གིས་ ལག་ལེན་འཐབ་སྟེ་ཡོདཔ་ལས་ ལྟ་བཤལཔ་ཚུ་གིས་ ཌི་ཇི་ཊཱལ་ཝ་ལེཊ་རིམ་ལུགས་ གོ་བཱོབ་ཚུ་ཡང་ ནང་འཁོད་སིམ་ཀཊི་བཙུགས་ཏེ་ ལག་ལེན་འཐབ་བཏུབ་ཨིན་པས།

ཡོངས་ཁྱབ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ ལྟ་བཤལཔ་ཚུ་ རི་བཤལ་དང་ རྐང་འགྲུལ་ དེ་ལས་ དྲན་རྟེན་ཚུ་ནང་ མཇལ་བར་འགྱོ་བའི་སྐབས་ ལམ་སྟོན་པ་དེ་ ངེས་པར་དུ་དགོཔ་ད་ མ་གཞི་ ཐིམ་ཕུག་དང་ སྤ་རོ་ལུ་སྡོད་པའི་སྐབས་ ལྟ་བཤལཔ་ཚུ་ལུ་ ལམ་སྟོན་དགོས་མཁོ་མེད་རུང་ འཕྲལ་འཕྲལ་ར་ ལམ་སྟོན་པ་མེད་པར་ མཐོང་པ་ཅིན་ ལྟ་བཤལཔ་ཚུ་གིས་ ལམ་སྟོན་པ་ཚུ་ བྱིན་ཚུགསཔ་དགོ་ཟེར་ཨིན་པས།

གཞུང་གིས་ ལྟ་སྐོར་ས་ཁོངས་ ངོས་འཛིན་མ་འབད་ཚུན་ ས་མཚམས་ཀྱི་ཁྲོམ་ནང་ ལྟ་སྐོར་འབད་མི་ རྒྱ་གར་གྱི་ལྟ་བཤལཔ་ཚུ་ ཡུན་བརྟན་གོང་འཕེལ་འཐུས་ དགོངས་ཡངས་གཏང་ནི་ཨིན་རུང་ ས་མཚམས་ཁྲོམ་ཚུ་ནང་ ཞག་སྡོད་པ་ཅིན་ ཡུན་བརྟན་གོང་འཕེལ་འཐུས་ ཕོག་ནི་ཨིན་པས།

རྒྱུན་འགྲུལ་འཐབ་མི་ཚུ་ལུ་ རྒྱབ་སྐྱོར་བྱིན་ནིའི་དོན་ལས་ འཛུལ་བཞུགས་ས་ཁོངས་ ག་རའི་ནང་ ལྟ་བཤལ་བརྡ་དོན་འགོ་དཔོན་རེ་ བཞག་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *