སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་ ཁ་ཙ་ མཇུག་བསྡུ་ཡོདཔ་ཨིན་མས།

ཁྱད་ལྡན་གྱི་འཐུས་མི་ག་ར་ རང་འཇགས་སྦེ་ བསྐོ་བཞག་གནང་ཡོདཔ།

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་སྡེའི་ ཁྱད་ལྡན་གྱི་འཐུས་མི་༥ པོ་ཆ་ར་ རང་འཇགས་སྦེ་ བསྐོ་བཞག་གནང་ཡོདཔ་ལས་ ཁ་ཙ་ ཁོང་གི་གནས་ཡུན་ མཇུག་བསྡུ་ཡོདཔ་བཞིན་དུ་ ད་རིས་ལས་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་གནས་ཡུན་ འགོ་བཙུགས་མི་དང་འབྲེལ་ འཐུས་མི་ཚུ་ ཡིག་ཚང་ནང་ འཛུལ་ནི་ཨིན་པས།
ཁྱད་ལྡན་གྱི་འཐུས་མི་ཚུ་ཡང་ བཀྲིས་དབང་མོ་དང་ བཀྲིས་དབང་རྒྱལ་ ཀརྨ་ཚེ་རིང་ སྐལ་བཟང་ཆོས་སྐྱིད་རྡོ་རྗེ་ དེ་ལས་ ཕུན་ཚོགས་རབ་བརྟན་ཚུ་ཨིནམ་ད་ འཐུས་མི་བཀྲིས་དབང་མོ་གིས་ ཁྱད་ལྡན་གྱི་འཐུས་མི་སྦེ་ ཕྱག་ཞུ་སྟེ་ ད་རེས་འབདཝ་ད་ སྤྱི་ཚོགས་ཐེངས་༣ འགྱོ་ནི་ཨིན་པས།
སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ བཙག་འཐུ་འབད་ནིའི་དོན་ལུ་ གདམ་ངོ་ཚུ་བཏོན་ཡོདཔ་མ་ཚད་ གདམ་ངོ་ཐོན་མི་ཚུ་གི་ གསལ་བཤད་ཚུ་ཡང་ འགོ་འདྲེན་འཐབ་ཅི།
ཁྲི་འཛིན་གྱི་དོན་ལུ་ གདམ་ངོ་༦ ཐོན་ཡོདཔ་བཞིན་དུ་ དེ་ཡང་ བུམ་ཐང་གི་འཐུས་མི་ཉི་མ་དང་ ཆུ་ཁའི་འཐུས་མི་སངས་རྒྱས་རྡོ་རྗེ་ ཐིམ་ཕུག་གི་འཐུས་མི་ཚེ་དབང་རིག་འཛིན་ བཀྲིས་སྒང་གི་འཐུས་མི་ལྷ་ཀྲུ་ དབང་འདུས་ཀྱི་འཐུས་མི་བཀྲིས་རྡོ་རྗེ་ དེ་ལས་ གཞལམ་སྒང་གི་འཐུས་མི་ པདྨ་གྲགས་པ་ཚུ་ཨིན་པས།
ཁོང་༦ གི་གྲས་ལས་ རྒྱལ་ཡོངས་ཚོགས་སྡེའི་ འཐུས་མི་བགྲེསཔ་༣ ཡོད་མི་དེ་ཡང་ བུམ་ཐང་གི་ཉི་མ་དང་ དབང་འདུས་ཕོ་བྲང་གི་བཀྲིས་རྡོ་རྗེ་ དེ་ལས་ གཞལམ་སྒང་གི་ པདྨ་གྲགས་པ་ཚུ་ཨིནམ་ད་ ཁྱད་ལྡན་གྱི་འཐུས་མི་ཚུ་གི་གྲས་ལས་འབད་བ་ཅིན་ ཁྲི་འཛིན་དང་ ཁྲི་འཛིན་འོག་མའི་དོན་ལུ་ གདམ་ངོ་ཐོན་མི་མིན་འདུག།
ཁྲི་འཛིན་འོག་མའི་དོན་ལུ་ གདམ་ངོ་༣ ཐོན་ཡོདཔ་ད་ དེ་ཚུ་ བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ འཇིགས་མེད་དབང་ཕྱུག་དང་ ཀྲོང་གསར་གྱི་འཐུས་མི་ བཀྲིས་བསམ་གྲུབ་ དེ་ལས་ ཧཱ་གི་འཐུས་མི་ ཨྱོན་རྣམ་རྒྱལ་ཚུ་ཨིན་པས།
འཐུས་མི་འཇིགས་མེད་དབང་ཕྱུག་གིས་ ད་རེས་འབདཝ་ད་ སྤྱི་ཚོགས་ཐེངས་༣ གྱི་རིང་ བཙག་འཐུ་གྲུབ་ཚུགས་ཡོདཔ་ད་ ཁྲི་འཛིན་དང་ ཁྲི་འཛིན་འོག་མའི་ བཙག་འཐུ་དེ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ཚོགས་རྒྱན་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ འགོ་འདྲེན་འཐབ་ནི་ཨིན་པས།
རྫོང་ཁག་༢༠ གི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་༢༠ གི་གྲས་ལས་ འཐུས་མི་བགྲེསཔ་༥ ལོག་བཙག་འཐུ་གྲུབ་ཡོདཔ་ད་ དེ་ཚུ་ བུམ་ཐང་དང་ ལྷུན་རྩེ་ བསམ་གྲུབ་ལྗོངས་མཁར་ དབང་འདུས་ཕོ་བྲང་ དེ་ལས་ གཞལམ་སྒང་གི་འཐུས་མི་ཚུ་ཨིནམ་ད་ ཁོང་ འཐུས་མི་བགྲེསཔ་༡༠ གྱིས་ ལོག་བཙག་འཐུ་འགྲུབ་མ་ཚུགས་པས།
ལོག་བཙག་འཐུ་འགྲུབ་མ་ཚུགས་མི་ཚུ་ རྩི་རང་དང་ ཀྲོང་གསར་ བཀྲིས་གཡང་རྩེ་ ཐིམ་ཕུག་ གསར་སྤང་ སྤུ་ན་ཁ་ མོང་སྒར་ མགར་ས་ ཆུ་ཁ་ དེ་ལས་ ཧཱ་རྫོང་ཁག་གི་ འཐུས་མི་བགྲེསཔ་ཚུ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ བཙན་སྐྱོགས་ཚེ་རིང་གིས་ སླབ་མིའི་ནང་ ཁ་ཙ་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་སྡེའི་གནས་ཡུན་ མཇུག་བསྡུ་བའི་སྐབས་ འཐུས་མི་ཚུ་གི་གནས་ཡུན་ཡང་ མཇུག་བསྡུ་ནི་དེ་གིས་ ད་རིས་ལས་ བཙག་འཐུ་ལས་གྲུབ་པའི་འཐུས་མི་གསརཔ་ཚུ་གིས་ བཀབ་ནེའི་ཐད་ཁར་ སྤྱིར་བཏང་དཀརཔོ་དེ་ར་ ལག་ལེན་འཐབ་དགོ་ཟེར་ཨིན་པས།
བཀབ་ནེ་ཧོནམོ་དང་ དཔའ་རྟགས་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྐོ་བཞག་གནང་པའི་ཤུལ་ལས་རྐྱངམ་གཅིག་ ལག་ལེན་འཐབ་ནི་ཨིན་པས།
ད་རིས་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ བཙག་འཐུ་འབད་ནི་དང་འབྲེལ་ འཐུས་མི་ཚུ་ལུ་ འབྲུག་གི་ཁྲིམས་སྤྱི་བློན་པོ་གིས་ ཁས་བླང་དམ་བཅའི་ལས་རིམ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *