ཁྱད་རིག་ཅན་གྱི་ རྒྱབ་མི་དགོ་ནི།

༉ ད་རེས་ནངས་པར་ རྒྱལ་ཁབ་གོང་འཕེལ་འགྱོཝ་བཞིན་དུ་ མི་འབོར་ཡང་ ཡར་འཕར་འགྱོ་མི་དང་བསྟུན་ ཁྲིམས་འགལ་དང་ ངན་ལྷད་ལ་སོགས་པའི་ ལཱ་འཐབ་མི་ཡང་ མང་སུ་ཐོནམ་ཨིན་མས།
ཉེས་ལས་འཐབ་མི་ མངམ་ཐོནམ་ད་ར་ ཁྲིམས་ཀྱི་འདུན་སར་ ཁྲིམས་གཏུགས་འབད་མིའི་ ཨུ་ཚུགས་སྦོམ་བྱུང་མི་དེ་ཡང་ རྩ་ཕན་ཚུ་གིས་ དྲང་ཁྲིམས་འཐོབ་ནི་གི་ རེ་བ་བསྐྱེད་ཐོག་ལས་ རྩོད་གཞི་ཕྱེ་མི་ལུ་བརྟེན་ཨིན་མས།
མ་གཞི་ གཞུང་གི་རྩོད་བཤེར་ཚུ་གི་ཐད་ལུ་ལྷོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྒྱབ་མིའི་འགན་ཁུར་འབག་ཐོག་ལས་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་ཕྱེཝ་ཨིན་རུང་ སྒེར་སྡེ་དང་ ངོ་རྐྱང་ཚུ་གི་ཐད་ལུ་ རྩོད་གཞི་ལེ་ཤ་ཅིག་ནང་ར་ ཁོང་གི་མགྲིན་ཚབ་ལུ་ རྒྱབ་མི་འཚོལ་ཏེ་ རྩོད་བཤེར་འབད་བཅུག་པའི་སྲོལ་དེ་ ཧེ་མ་ལས་ར་ཡོདཔ་ཨིན།
དེ་གི་ནང་དོན་ཉིད་ལས་ ལོ་ངོ་༡༤ གི་ཧེ་མར་ རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་རྒྱབ་མི་བཅའ་ཁྲིམས་༢༠༠༣ ཅན་མ་ ཆ་འཇོག་གྲུབ་ཡོད་རུང་ འབྲུག་གི་རྒྱབ་མི་ཚོགས་སྡེ་ གཞི་བཙུགས་མ་འབད་བར་ ལུས་མི་ལུ་བརྟེན་ དྲང་ཁྲིམས་ལྷན་སྡེ་གིས་ རྒྱབ་མི་དག་པ་ཅིག་ལུ་ གནས་སྐབས་ཅིག་གི་ གནང་བ་བྱིན་ཐོག་ལས་ རྒྱབ་མིའི་བྱ་སྒོ་འཐབ་བཅུག་ནུག།
འདི་འབདཝ་ད་ རྒྱབ་མི་ཚུ་གི་ ཁྱད་རིག་ལྡན་པའི་ ཞབས་ཏོག་ཚུ་ ག་དེ་སྦེ་ མཁོ་སྤྲོད་འབདཝ་ཨིན་ན་ ལྟ་རྟོག་འབད་མི་ ཚད་ལྡན་དབང་འཛིན་ཅིག་མེད་མི་ལུ་བརྟེན་ ཁྲིམས་དོན་གྱི་ གཙུག་ལག་ཤེས་ཡོན་མཐར་འཁྱོལཝ་ཅིག་ ཐད་ཀར་དུ་ འབབ་ཁུངས་ལེགས་ཤོམ་ཡོད་མི་ལུ་བལྟ་སྟེ་ རྒྱབ་མི་སྦེ་ ལཱ་འབད་ནི་གི་ རེ་བ་བསྐྱེདཔ་ཨིན་མས།
འདི་བཟུམ་མའི་ རྒྱབ་མི་ཚུ་ལས་ ཞབས་ཏོག་ཁྱད་རིག་ཅན་དང་ སྤུས་ཚད་ཅན་སྦེ་ མ་ཐོབ་ད་ ཞབས་ཏོག་སྤྱོད་མི་ཚུ་གིས་ རྒྱབ་མི་འཚོལ་ནི་དེ་ ཟད་འགྲོ་ལྕི་དྲགས་པའི་ཁར་ དུས་ཚོད་འཕྲོ་བརླག་འགྱོ་བའི་ གཞི་ཅིག་ཨིན་མས་ཟེར་ ཁ་བཏང་དོ་ཡོདཔ་ད་ རྒྱབ་མི་ལ་ལོ་ཅིག་གིས་ ཁོ་རའི་ ལས་མགྲོན་པ་ལས་ འཐུས་མངམ་ལེན་ནིའི་དོན་ལུ་ རྩོད་གཞི་ཚུ་ ཧད་འཕུལ་ཏེ་ ཡུན་འགྱངས་སྦེ་ བཞག་མི་ཡང་འདུག་ཟེར་ཨིན་མས།
ཨིན་རུང་ ད་ལས་ཕར་ རྒྱབ་མིའི་ཞབས་ཏོག་སྤྱོད་མི་ཚུ་གིས་ ཁྱད་རིག་ཅན་གྱི་ རྒྱབ་མི་འཐོབ་ཚུགས་པའི་ འོས་འབབ་སྦོམ་ ཡོད་མི་དེ་ཡང་ འབྲུག་གི་རྒྱབ་མི་ཚོགས་སྡེ་ གཞི་བཙུགས་འབད་ཡོདཔ་མ་ཚད་ ཁྲིམས་དོན་གྱི་ གཙུག་ལག་ཤེས་ཡོན་ཡོད་རུང་ རྒྱབ་མི་སྦེ་ བཅའ་མར་གཏོགས་དགོ་པ་ཅིན་ ཆོས་རྒྱུགས་ནང་ལས་ མཐར་འཁྱོལ་དགོ་པའི་ ཁྱད་ཚད་བཟོ་མི་དེ་ ཐབས་ལམ་ལེགས་ཤོམ་ཅིག་ཨིན་མས།
དེ་ཡང་ རྒྱབ་མི་ཚོགས་སྡེའི་ གཙོ་འཛིན་མཆོག་གིས་ གསུངས་དོ་བཟུམ་ རྒྱབ་མིའི་ལཱ་དེ་ ཁྱད་རིག་གི་ ཞབས་ཏོག་ཅིག་འབདཝ་ལས་ རྒྱབ་མིའི་ཆོས་རྒྱུགས་རྐྱབ་དགོ་མི་དེ་ཡང་ ཁྲིམས་ཀྱི་ཞབས་ཏོག་ཚུ་ ཁྱད་རིག་ཐོག་ལས་ ཕུལ་ཚུགས་མི་ ཡོན་ཏན་དང་ ལྕོགས་གྲུབ་ཡོད་པའི་རྒྱབ་མི་ བཙག་འཐུ་འབད་ཐབས་ལུ་ཨིན་མས།
རྒྱབ་མི་ཚུ་གིས་ རང་གི་ཁེ་ཕན་ལུ་ བལྟ་ནི་རྐྱངམ་གཅིག་མེན་པར་ རྒྱབ་མིའི་བཅའ་ཁྲིམས་ (འཕྲི་སྣོན)༢༠༡༥ ཅན་མ་དང་འཁྲིལ་ རྩོད་གཞི་གང་མགྱོགས་མཇུག་བསྡུ་ནིའི་དོན་ལུ་ དྲང་བདེན་དང་ རྣམ་དག་ དུས་ཐོག་གི་ དྲང་ཁྲིམས་ངེས་བརྟན་ཐོབ་ཐབས་ལུ་ ཁྲིམས་ཀྱི་འདུན་སར་ དཔུང་གྲོགས་ཞུ་ནིའི་ འགན་ཁུར་འབག་དགོ།
འདི་འབདཝ་ལས་ ད་ལྟོ་ རྒྱབ་མི་ཚོགས་སྡེ་ གཞི་བཙུགས་འབད་བའི་བསྒང་ལས་ར་ མི་མང་གིས་ བློ་གཏད་ཡིད་ཆེས་བསྐྱེད་ཚུགས་པའི་ གཙུག་སྡེ་སྒྲིང་སྒྲི་ཅིག་སྦེ་ བཟོ་དགོཔ་བཞིན་དུ་ རྒྱབ་མི་ཚུ་ལས་ ཆོས་རྒྱུགས་ལེན་ནི་རྐྱངམ་གཅིག་གིས་མ་དོ་བར་ རྒྱབ་མིའི་འཐུས་ཀྱི་ཚད་གཞི་བཟོ་ནི་དང་ ཁོང་གི་ ཀུན་སྤྱོད་རྣམ་གཞག་ཚུ་ཡང་ ལྟ་རྟོག་འབད་ནི་དེ་ཁག་ཆེ།
ད་རུང་ ཁྱད་རིག་ཅན་ བཟོ་ནི་དང་ རྒྱབ་མིའི་ཞབས་ཏོག་ ཕན་ནུས་ཅན་ བཟོ་ནི་གི་ ལྷན་ཐབས་ལུ་ ད་ལྟོ་ཡོད་མི་ རྒྱབ་མི་ཚུ་གི་ གནས་ཚད་དང་ ཀུན་སྤྱོད་རྣམ་གཞག་ དེ་ལས་ གནས་ཐོ་ཚུ་ བསྐྱར་ཞིབ་འབད་ནི་དེ་ཡང་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *