ཁྱད་རིག་ཅན་གྱི་ བསླབ་སྟོན་པ་༡༤༠ གིས་ རྒྱལ་ཡོངས་གནས་ཚད་ཀྱི་ བསླབ་སྟོན་ལག་ཁྱེར་ཐོབ་ཡོདཔ།

༉ ཁ་ཙ་ འབྲུག་གི་བསླབ་སྟོན་པའི་ གྲོས་བསྟུན་ཞལ་འཛོམས་ཐེངས་༤ པ་ འགོ་འདྲེན་འཐབ་དང་འབྲེལ་ འབྲུག་པའི་བསླབ་སྟོན་པ་༡༤༠ ལུ་ སྦྱོང་བརྡར་སྣ་ཚོགས་མཇུག་བསྡུ་བའི་ ལག་ཁྱེར་བྱིན་ཡོད་མི་དེ་གིས་ ད་ལས་ཕར་ སློབ་གྲྭ་དང་ གཙུག་སྡེ་ དེ་ལས་ ལས་སྡེ་ཁག་ཚུ་ནང་ལས་ཕར་ ཁྱད་རིག་ཅན་གྱི་ བསླབ་སྟོན་པའི་ཞབས་ཏོག་ བྱིན་ཚུགས་ནི་ཨིན་པས།
ཨམ་སྲུ་ཆ་བཞག་དང་ཡར་སྐྱེད་ལས་སྡེའི་མདོ་ཆེན་ ཚེ་རིང་སྒྲོལ་དཀར་གྱིས་ སླབ་མིའི་ནང་ ད་རེས་ ལག་ཁྱེར་ཐོབ་མི་ཚུ་ག་ར་ རང་སོའི་ལས་སྡེ་དང་ ཡིག་ཚང་ དེ་ལས་ ལས་འཛིན་ཁག་ཚུ་གི་ གནས་ཚད་སོ་སོར་ནང་ བསླབ་སྟོན་གྱི་ སྦྱོང་བརྡར་གོ་སྐབས་བྱིན་ཏེ་ མཇུག་བསྡུ་མི་ཚུ་ ཨིན་ཟེར་ཨིན་པས།
མོ་གིས་བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ བསླབ་སྟོན་གྱི་སྐོར་ལས་ སྦྱོང་བརྡར་དུམ་གྲ་རེ་ ཐོབ་མི་ཚུ་གིས་ བསླབ་སྟོན་པའི་འགན་ཁུར་འབག་སྡོད་དོ་ཡོད་རུང་ ད་རེས་ཀྱི་ ལག་ཁྱེར་འཆང་མི་ཚུ་གི་ཐད་ཁར་ ཁྱད་རིག་ཅན་གྱི་སྦྱོང་བརྡར་ མཇུག་བསྡུ་མི་ཚུ་ཨིནམ་ལས་ ཁོང་གིས་ འབྲེལ་ཡོད་ཡིག་ཚང་ཚུ་ནང་ དེ་བཟུམ་མའི་ འགན་ཁུར་འབག་འོང་ཟེར་ཨིན་པས།
ཨིན་རུང་ མོ་གིས་འབད་བ་ཅིན་ ཧེ་མ་ མི་གཞན་ལུ་ བསླབ་བྱ་བྱིན་ཤེས་མི་ཚུ་གིས་ བསླབ་སྟོན་པའི་འགན་ཁུར་ འབག་སྡོད་དོ་ཡོད་རུང་ ལག་ཁྱེར་འཆང་མི་ཚུ་གིས་ སྒྲིག་གཞི་དང་ ལམ་ལུགས་ཚུ་དང་འཁྲིལ་ འབད་དགོ་ཟེར་ཨིན་པས།
ལག་ཁྱེར་འཆང་མི་ཚུ་གིས་ ལོ་༣ གྱི་ནང་འཁོད་ལུ་ བསྐྱར་གསོ་འབད་དགོ་ནི་ཨིན་རུང་ ཁོང་གིས་ ལག་ཁྱེར་གྱི་ཐོག་ལས་ བསླབ་སྟོན་གྱི་ ཚོང་འབྲེལ་འཐབ་རུང་ འཐབ་ཆོག་ནི་ཨིན་པས།
ཨིན་རུང་ བསྐྱར་གསོ་འབད་ནིའི་དོན་ལུ་ སྒྲིག་གཞིའི་དཔེ་དེབ་ནང་ གསལ་བཀོད་འབད་ཡོད་མི་ བསླབ་སྟོན་གྱི་དུས་ཚོད་དང་ ཁྱད་ཚད་གཞན་ཚུ་དང་ འཁྲིལ་དགོཔ་ཨིན་པས།
ལག་ཁྱེར་འཆང་མི་ཚུ་ཡང་ དབྱེ་ཁག་༤ སྦེ་ཡོདཔ་ད་ དབྱེ་ཁག་མཐའ་མའི་ནང་ བསླབ་སྟོན་གྱི་སྐོར་ལས་ གཞི་རྟེན་གྱི་ ཤེས་ཚད་ཡོད་མི་དང་ དེ་གི་འོག་ལས་ མཐོ་རིམ་ཤེས་ཚད་དང་ མཐོ་རིམ་གོང་མའི་ཤེས་ཚད་འཆང་མི་ དེ་ལས་ མཇུག་ར་ ཁྱད་རིག་གི་ ལྟ་རྟོག་དབྱེ་ཁག་སྦེ་ དབྱེ་ཁག་༤ ཡོདཔ་ཨིན་པས།
ད་རེས་ཀྱི་ ལག་ཁྱེར་དོན་ལུ་ དང་འདོད་བསྐྱེད་མི་ མི་ངོམ་༡༦༠ ཐོན་ཡོད་རུང་ མི་ངོམ་༢༠ ཁྱད་ཚད་དང་མ་ལྡན་ནི་དེ་གིས་ ལག་ཁྱེར་འཐོབ་མ་ཚུགས་ཟེར་ཨིནམ་ད་ ཨིན་རུང་ ཁོང་གིས་ ད་རུང་ བཅའ་མར་གཏོགས་ཆོག་ཟེར་ མདོ་ཆེན་གྱིས་ བཤད་ཅི།
བསླབ་སྟོན་གྱི་ ལག་ཁྱེར་དང་གཅིག་ཁར་ ད་རེས་ཚུན་ བཅའ་མར་གཏོགས་མི་ཚུའི་དོན་ལུ་ ཞལ་འཛོམས་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
མདོ་ཆེན་གྱིས་ སླབ་མིའི་ནང་ ཞལ་འཛོམས་དེ་ནང་ རྒྱལ་སྤྱིའི་རྒྱལ་ཁབ་ཚུ་ནང་ བསླབ་སྟོན་པའི་གནས་སྟངས་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ནི་ཨིནམ་ལས་ འབྲུག་པའི་བསླབ་སྟོན་པ་ཚུ་གིས་ རྒྱལ་སྤྱིའི་གནས་སྟངས་ཀྱི་སྐོར་ལས་ཡང་ ཤེས་ཚུགས་ཟེར་ཨིན་པས།
ལས་རིམ་དང་གཅིག་ཁར་ བསླབ་སྟོན་པ་ཚུ་གི་དོན་ལུ་ ཡོངས་འབྲེལ་འཆར་སྒོ་༢ སྒོ་ཕྱེས་ཡོད་མི་དེ་ནང་ བསླབ་སྟོན་པ་ཚུ་གིས་ བསླབ་སྟོན་དང་འབྲེལ་བའི་ བརྡ་དོན་ཚུ་ འཐོབ་ཚུགས་ནི་ཨིནམ་མ་ཚད་ ལག་ཁྱེར་བསྐྱར་གསོ་འབད་ནིའི་ བརྡ་དོན་ཚུ་ཡང་ དེ་ནང་ལས་ འཐོབ་ཚུགས་ནི་ཨིན་པས།
ཨམ་སྲུ་ཆ་བཞག་དང་ཡར་སྐྱེད་ལས་སྡེའི་ བཀོད་ཁྱབ་འགོ་དཔོན་རྟ་མགྲིན་དབང་མོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་གནས་ཚད་ཀྱི་ ལག་ཁྱེར་འཆང་མི་ བསླབ་སྟོན་པ་༡༤༠ གིས་ ད་ལས་ཕར་ ཞབས་ཏོག་དགོ་མི་ཚུ་ལུ་ ཕན་ཐོགས་ཚུགས་པའི་ རེ་བ་ཡོདཔ་མ་ཚད་ ལག་ཁྱེར་འཆང་མི་ཚུ་གིས་ འབྲུག་པའི་མི་སྡེ་ནང་ དགའ་སྐྱིད་བཟོ་ཚུགས་པའི་ དམིགས་གཏད་ཡོད་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་འབད་རུང་ ད་ལས་ཕར་ སློབ་གྲྭ་ཚུ་ནང་ གཏན་འཇགས་ཀྱི་བསླབ་སྟོན་པ་ཚུ་ གཞི་བཙུགས་འབད་ནི་ལུ་ ཆ་འཇོག་འབད་ཡོདཔ་ཨིན་པས།
ལས་རིམ་ནང་ སྐུ་མགྲོན་གཙོ་བོ་སྦེ་བྱོན་མི་ ཨ་ཞེ་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ དགའ་སྐྱིད་དང་ལྡན་པའི་ འབྲུག་རྒྱལ་ཁབ་ནང་ རང་སྲོག་བཅད་མིའི་ གྱངས་ཁ་དེ་ ཚ་གྱང་ཅན་ཅིག་ཨིན་མས་ཟེར་ གསུངས་གནང་ཡི།
བསླབ་སྟོན་པའི་ སྦྱོང་བརྡར་ཚུ་ བསམ་རྩེ་སློབ་དཔོན་སློབ་སྦྱོང་ལྟེ་བ་དང་ གཞན་འབྲེལ་ཡོད་ཡིག་ཚང་ཚུ་ནང་ འགོ་འདྲེན་འཐབ་ཡོདཔ་ད་ ལ་ལོ་ཅིག་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ སྦྱོང་བརྡར་མཇུག་བསྡུ་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ལེགས་བཅོས་དང་ ཡར་རྒྱས་འགྱོ་ཚུགས་པའི་རེ་བ།

༉ འབྲུག་ཕུཊ༌བཱོལ་ཚོགས་པའི་གཙོ་འཛིན་ ཨྱོན་ཚེ་ཁྱབ་དེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ གཙོ་འཛིན་འོགམ་སྦེ་ བཙག་འཐུ་འབད་ཡོདཔ་ད་ དེ་ཡང་ བྷ་རཱེན་རྒྱལ་ཁབ་ མ་ན་མ་ས་གནས་ལུ་སྦེ་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་པའི་ མཐུན་འབྲེལ་ཞལ་འཛོམས་ ཐེངས་༣༣ པ་འཚོགས་པའི་སྐབས་ བྱུང་ཡོདཔ་ཨིན་པས། གཙོ་འཛིན་འོགམ་སྦེ་ …

Leave a Reply

Your email address will not be published. Required fields are marked *