ཁོམ་ཤར་དང་ ཝ་མའི་འཁོར་ལམ་ མཐུད་སྦྲེལ་འབད་དགོ་པའི་ཞུ་བ།

༉ ཁོམ་ཤར་དང་ ཝ་མ་ལས་བརྒྱུད་དེ་ གཞལམ་སྒང་དང་ མོང་སྒར་རྫོང་ཁག་གཉིས་ མཐུད་སྦྲེལ་འབད་དེ་ གདམ་ཁ་ཅན་གྱི་ ཤར་ནུབ་ཀྱི་ འཁོར་ལམ་ཅིག་སྦེ་ བཟོ་ནིའི་དོན་ལུ་ གཞུང་གིས་ གཙོ་རིམ་སྒྲིག་སྟེ་ མཐུད་སྦྲེལ་འབད་དགོཔ་འདུག་ཟེར་ཨིན་པས།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ལས་རིམ་ནང་ བར་དོ་-ཀྲོང་གི་འཐུས་མི་ མགོན་པོ་ཚེ་རིང་གིས་ ཞབས་ཏོག་བློན་པོ་ལུ་ དྲི་བ་ཞུ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ འཁོར་ལམ་དེ་ གཞལམ་སྒང་དང་ མོང་སྒར་རྫོང་ཁག་རྐྱངམ་གཅིག་ལུ་མེན་པར་ རྒྱལ་ཡོངས་དང་ ཤར་ཕྱོགས་རྫོང་ཁག་ཚུ་ལུ་ ཁེ་ཕན་སྦོམ་སྦེ་ར་ འབྱུང་འོང་ཟེར་ཨིན་པས།

བྱང་ཁ་ཐུག་ལུ་ གནམ་དགུན་གྱི་སྐབས་ ཁྲུམ་ཤིང་ལ་ལས་ ཁཝ་དང་ གནམ་བྱཱར་སྐབས་ ཆར་ཆུ་ དེ་ལས་ ལྷོ་ཁ་ཐུག་ལས་ ནད་ཡམས་ལུ་བརྟེན་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་ དཀའ་ངལ་བྱུང་མི་ལུ་བརྟེན་ ལམ་མཐུད་སྦྲེལ་འབད་དགོཔ་ ཁག་ཆེ་བས་ཟེར་ འཐུས་མི་གིས་ཞུ་ཡི།

འཐུས་མི་གིས་འབད་བ་ཅིན་ ཕུན་ཅུང་ས་ཁོངས་ལས་ ས་གནས་གཞུང་གི་ གནང་བྱིན་མ་དངུལ་ཐོག་ལས་ ཀི་ལོ་མི་ཊར་༣ དེ་ཅིག་ བསལ་ཡོདཔ་ད་ ཝ་མ་ལས་ ཁོམ་ཤར་ཁ་ཐུག་ ཀི་ལོ་མི་ཊར་༡༠ དེ་ཅིག་ འགོ་ཐོག་ས་བཅད་ཀྱི་ ལཱ་འབད་ཚར་ཏེ་ཡོད་ཟེར་ཨིན་པས།

འཁོར་ལམ་དེ་ ཤར་ནུབ་ཕྱོགས་རྫོང་ཁག་ཚུ་དང་ མཐུད་སྦྲེལ་འབད་ནིའི་ གདམ་ཁ་ཅན་གྱི་ འཁོར་ལམ་ཅིག་ཨིནམ་བཞིན་དུ་ གཞུང་གི་ཁ་ཐུག་ལས་ རྩིས་ལོ་༢༠༢༢-༢༣ ལུ་ འཁོར་ལམ་མཐུད་སྦྲེལ་འབད་ནིའི་དོན་ལུ་ འཆར་གཞི་དང་ ལས་སྣ་ཚུ་ ག་དེ་སྦེ་ར་ཡོད་ག་ཟེར་ འཐུས་མི་གིས་ ཞུ་ཡི།

ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ཞུ་མིའི་ནང་ རྫོང་ཁག་དང་ རྫོང་ཁག་ རྒེད་འོག་དང་ རྒེད་འོག་མཐུད་སྦྲེལ་འབད་ནིའི་དོན་ལུ་ ལས་རིམ་༩ དེ་ཅིག་ འཆར་གཞི་བརྩམས་ཏེ་ཡོད་ཟེར་ཨིན་པས།

ཁོམ་ཤར་དང་ ཝ་མའི་འཁོར་ལམ་གྱི་ ས་ཁོངས་ནང་ སོང་བལྟ་བའི་སྐབས་ འཁོར་ལམ་དེ་ གལ་གནད་ཅན་ཅིག་ཨིནམ་སྦེ་ ཤེས་རྟོགས་བྱུང་ཡོདཔ་ད་ ད་རེས་ མོང་སྒར་དང་ ཐིམ་ཕུག་གི་བར་ན་ རྒྱུན་འགྲུལ་འཐབ་པ་ཅིན་ ལམ་ཁག་༣ ཡོདཔ་བཞིན་དུ་ འཁོར་ལམ་དེ་༢ བསལ་ཚར་བའི་བསྒང་ལས་ ཐིམ་ཕུག་དང་ མོང་སྒར་འགྱོ་ནིའི་དོན་ལུ་ ལམ་ཁག་༥ དེ་ཅིག་ལུ་ ཡར་སེང་འགྱོ་འོང་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡི།

ཁོམ་ཤར་ལས་ ཝ་མ་གི་ལམ་ཡང་ མོང་སྒར་ལས་ གླིང་མི་ཐང་དང་ བོ་རོསི་ལས་ ཝ་མ་ ཁོམ་ཤར་ཐོན་ཏེ་ དི་ག་ལས་དང་ ཏིང་ཏི་སྦི་ལས་འོང་ནི་དང་ ཐེ་རང་དང་ བུ་ལི་བརྒྱུད་དེ་འོང་ནི་གི་ གོ་སྐབས་ཚུ་འདུག་ཟེར་ཨིནམ་ད་ ཀི་ལོ་མི་ཊར་༣༠ དེ་ཅིག་འབད་མི་ འཁོར་ལམ་དེ་ རྩ་འགེངས་ཏེ་ བརྒྱ་ཆ་༥༠ བསལ་ཚར་ཏེ་ཡོདཔ་ལས་ འཕྲལ་མགྱོགས་ར་ མཇུག་བསྡུ་ནི་གི་ རེ་བ་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ཞུ་ཡི།

གཞུང་གིས་ ད་རེས་ བཀྲིས་སྒང་དང་ བསམ་གྲུབ་ལྗོངས་མཁར་གྱི་བར་ན་ ཕྲང་ལམ་བཏོན་དོ་ཡོདཔ་ད་ དར་དཀར་ནང་ལས་ རྐ་མེད་ཆུ་དང་ བསམ་རང་ལས་ ཇོ་མོ་གཙང་ཁ་བར་ནའི་ འཁོལ་ལམ་ཚུ་ཡང་ མཐུད་སྦྲེལ་འབད་ཚར་ཡི་ཟེར་ཞུ་ཡི།

དེ་བཟུམ་སྦེ་ བསམ་རྩེ་ལས་ ཧཱ་དང་ རྡོ་རོ་ཁ་ལས་ ཧཱ་གི་འཁོར་ལམ་ མཐུད་སྦྲེལ་འབད་ནིའི་དོན་ལུ་ འཆར་གཞིའི་ལས་སྣ་ཚུ་ བརྩམས་ཚར་ཏེ་ཡོད་ཟེར་ ཞབས་ཏོག་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *