ཁེངས་རིགས་རྣམ་གསུམ་གྱིས་ ཚོད་བསྲེའི་ལཱ་ལུ་ ཤུགས་བཏོན་དོ་ཡོདཔ།

༉ འབྲུག་དབུས་ཕྱོགས་རྫོང་ཁག་ཚུ་གི་གྲས་ལས་ མཐའ་ཟུར་དང་ རྫོང་ཁག་༢༠ གི་གྲས་ལས་ དབུལ་ཕོངས་མཐོ་ཤོས་ཡོད་མི་ རྫོང་ཁག་ཅིག་ཨིན་མི་ གཞལམ་སྒང་དེ་ ན་ཧིང་ཚུན་ཚོད་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་རིགས་ འཛུགས་སྐྱོང་འབད་ནི་མེདཔ་ཨིན་པས།

དེ་ཡང་ གཡུས་ཚན་མང་ཤོས་ར་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཁ་གཏོར་ཏེ་ཡོད་པའི་ཁར་ སོ་ནམ་གྱི་ ཐོན་སྐྱེད་ཚོང་འབྲེལ་འཐབ་སར་ སྦོ་ལོགས་ཁར་མེད་མི་ལུ་བརྟེན་ མི་སེར་ཚུ་གིས་ རང་བཟའ་སྤྱོད་འབད་ནི་ ལངམ་ཅིག་མ་གཏོགས་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་མེདཔ་ཨིན་པས།

ཨིན་རུང་ དུས་ཅི་ ལོ་འགོ་བཙུགས་ཁམས་ཅིག་ལས་ འཛམ་གླིང་ནང་ ནོ་བཱལ་ཀོ་རོ་ན་བའེ་རཱསི་ཟེར་ ནད་ཡམས་ཀོ་བིཌ་-༡༩ ཁྱབ་སྤེལ་སོང་ཞིནམ་ལས་ཚུར་ འབྲུག་ལུ་ཡང་ ནད་གཞིའི་འབྱེམ་ཕོག་སྟེ་ མི་སྡེ་དཔལ་འབྱོར་གོང་འཕེལ་དང་ འཆར་གཞི་ལས་སྣ་ཚུ་ལུ་ གནོད་པ་སྦོམ་སྦེ་ བྱུང་པའི་དུས་སྐབས་ནང་ མཐའ་ཟུར་རྫོང་ཁག་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཐོབ་ནུག།

ཁེངས་རིགས་རྣམ་གསུམ་གྱི་ མི་སེར་ཚུ་གིས་ གོ་སྐབས་བཟང་པོ་ལེན་ཚུགས་མི་དེ་ཡང་ གཞུང་གིས་ ནང་འདྲེན་མར་ཕབ་ཐོག་ ནང་འཁོད་ཐོན་སྐྱེད་རང་ལྡང་བཟོ་ནིའི་དོན་ལུ་ གྲོང་གསེབ་ཚུ་ནང་ ཚོད་བསྲེ་ག་དེ་མང་མང་ བཙུགས་དགོ་པའི་ཁར་ དམིགས་བསལ་དུ་ སྒོགཔ་་དང བླམ་བན་ད་ ཨེ་མ་གསུམ་ལུ་ གཙོ་བོར་བཏོན་དགོ་པའི་ སེམས་ཤུགས་བསྐྱེད་མི་ལུ་བརྟེན་ཨིན་པས།

སོ་ནམ་སྡེ་ཚན།

སོ་ནམ་པ་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་རིགས་འཛུགས་སྐྱོང་འབདཝ་དང་འབྲེལ་ སོ་ནམ་དང་འབྲེལ་བའི་ ཕོ་སྐྱེས་དང་ཨམ་སྲུའི་སྡེ་ཚན་ལེ་ཤ་ཅིག་ གཞི་བཙུགས་འབད་ནུག།

སྡེ་ཚན་ཚུ་གི་གྲས་ལས་ འཐུས་མི་༡༢ ཡོད་མི་ གླང་དུར་སྦིས་སྤྱི་འོག་གི་ མཛེས་མཆོག་སྡེ་ཚན་དེ་ གཞི་བཙུགས་འབད་དེ་ ལོ་མ་ལང་རུང་ སྡེ་ཚན་གྱིས་ འོང་འབབ་ལེགས་ཤོམ་བཟོ་ནི་ འགོ་བཙུགས་པའི་ཁར་ སློབ་གྲྭ་བཤོལ་བཞག་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཡང་ བཟོ་ཚུགས་ནུག།

དཔེར་ན་ མཛེས་མཆོག་སྡེ་ཚན་གྱིས་ སྤྱི་ཟླ་༡༢ པའི་ཚེས་༢༩ ལུ་ གནམ་དགུན་གྱི་ཚོད་བསྲེ་ ཀེ་བ་ཀེ་ཇི་༨༤༨ དང་ ལ་ཕུག་ཀེ་ཇི་༤༣༥ དེ་ལས་ སྲནམ་ཅུམ་དང་ ལ་ཕུག་དམརཔོ་ ཀ་ཀུ་རུ་ཚུ་བརྩིས་ཏེ་ སྣུམ་འཁོར་མ་ཧིན་ད་ར་༢ ལངམ་ཅིག་ བཙོང་ཐོག་ལས་ འོང་འབབ་དངུལ་ཀྲམ་༤༤,༦༦༥ དེ་ཅིག་ བཟོ་ཡོདཔ་ཨིན་པས།

སྡེ་ཚན་གྱིས་ ཚོད་བསྲེ་བཙོང་ནིའི་དོན་ལུ་ ལཱ་ཁག་སྦེ་ ས་གནས་གཞན་ཁར་ འགྱོ་མ་དགོ་པར་ སྤྱི་འོག་ནང་ ཞིང་ལམ་ལྷོད་ཡོདཔ་ལས་ སྒོའི་རྩ་བ་ཚུན་ ལེན་པར་འོང་མི་ པཱན་སྦང་གི་ ན་གཞོན་སྡེ་ཚན་ལུ་ བཙོང་ཡོདཔ་ཨིན་པས།

ན་གཞོན་སྡེ་ཚན་གྱིས་ ཀེ་བ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠ དང་ ལ་ཕུག་ལུ་ དངུལ་ཀྲམ་༡༧ སྲནམ་ཅུམ་ལུ་ དངུལ་ཀྲམ་༧༠ དང་ ལ་ཕུག་དམརཔོ་ལུ་ དངུལ་ཀྲམ་༤༠ རེ་སྦེ་སྤྲོད་དེ་ ཉོ་ཡོདཔ་ཨིན་པས།

མཛེས་མཆོག་སྡེ་ཚན་གྱི་འགོ་ཁྲིདཔ་ དགེ་བགྲེས་རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ འཐུས་མི་ཚུ་གི་ ས་ཞིང་ཚུ་ནང་ལས་ ལ་ཕུག་ཚུ་ ཕྱེད་ཀ་ཡང་ བཙོང་མ་ཚུགས་པར་ ཡོདཔ་མ་ཚད་ མེ་ཏོག་ཀོ་པི་རྒྱ་ཆེ་དྲགས་སྦེ་ བཙུགས་ཏེ་ཡོད་ཟེར་ཨིན་པས།

རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ ཀེ་བ་དེ་ འགོ་དང་པ་ མོ་བཏབ་བཟུམ་ཅིག་སྦེ་ ས་ཆ་ཨེ་ཀར་༢ དེ་ཅིག་ནང་ བཙུགས་མི་ཚུ་ ཐོན་ཤུགས་ལེགས་ཤོམ་མེད་རུང་ ཚོད་བསྲེ་གཞན་རིགས་ཚུ་ ལེགས་ཤོམ་སྦེ་ སྐྱེས་ནུག་ཟེར་ཨིན་པས།

དགེ་བགྲེས་དང་ སོ་ནམ་པ་ དེ་ལས་ སློབ་རིམ་༡༠ པ་ལྷབ་སྟེ་ གཡུས་ཁར་སྡོད་མི་ཚུ་གིས་ འགོ་བཙུགས་མི་ སྡེ་ཚན་གྱིས་ མ་འོངས་པ་ལུ་ ཐིམ་ཕུག་དང་ ཕུན་ཚོགས་གླིང་བཟུམ་མའི་ ཁྲོམ་སྦོམ་ཚུ་ནང་ བཙོང་ནི་གི་ དམིགས་གཏད་འབདཝ་ཨིན་རུང་ ད་ལྟོ་ ཐོན་སྐྱེད་འབད་མི་ཚུ་ བཙོང་མ་ཚུགས་པའི་ དཀའ་ངལ་མེདཔ་ཨིན་པས།

སྡེ་ཚན་གྱིས་ ཁོམ་ཤར་དང་ བར་དོ་ ཉིམ་གཞོང་ ཐ་གཞོང་ དེ་ལས་ ཕུ་ལ་སྦིས་གཡུས་ཚན་ཚུ་དང་གཅིག་ཁར་ ཞིང་ལམ་མཐུད་སྦྲེལ་འབད་བའི་ཤུལ་ལས་ ཚོད་བསྲེའི་ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ཟེར་ དགེ་བགྲེས་ཀྱིས་ བཤདཔ་ཨིན་པས།

མཛེས་མཆོག་སྡེ་ཚན་གྱིས་ ས་གནས་ཀྱི་ སློབ་གྲྭ་ཚུ་དང་ ཚོད་བསྲེ་བཀྲམ་སྤེལ་འབད་ནིའི་ གན་ཡིག་ཚུ་ བཟོ་སྟེ་ཡོད་རུང་ ད་ལྟོ་ འགྲོ་འགྲུལ་བཀག་དམ་སྐབས་ གཞན་ཁར་བཙོང་མ་ཚུགས་རུང་ ནང་འཁོད་ཚོང་འབྲེལ་གྱི་ གོ་སྐབས་ལུ་ ལྷན་ཐབས་བྱུང་ཡི་ཟེར་ འཐུས་མི་ཅིག་གིས་ བཤདཔ་ཨིན་པས།

སྡེ་ཚན་གྱི་འཐུས་མི་ སློབ་རིམ་བཅུ་པ་ལྷབ་མི་ དཔལ་ལྡན་ལྷ་མོ་གིས་ བཤད་མིའི་ནང་ མོ་ར་ རྫོང་ཁག་གི་ཕྱི་ཁར་ ལཱ་གཡོག་འཚོལ་བར་ མ་འགྱོ་རུང་ ད་ལྟོ་ སྡེ་ཚན་ནང་ ལཱ་འབད་དེ་ འོང་འབབ་བཟོ་ཚུགས་དོ་ཡོདཔ་ལས་ སེམས་ཕམ་མི་འབྱུང་པས་ཟེར་ཨིན་པས།

སྡེ་ཚན་གྱིས་ ཉེ་འདབས་ཀྱི་ སློབ་གྲྭའི་ས་ཆ་མ་སྤྱོད་པར་བཞག་མི་ ཨེ་ཀར་༧ གླ་ཁར་ལེན་ཏེ་ ཚོང་བསྲེ་འཛུགས་སྐྱོང་འབད་དེ་ སློབ་གྲྭ་དེ་ནང་ར་ བཙོང་ནིའི་དོན་ལུ་ ལཱ་འགོ་བཙུགས་ཏེ་ཡོདཔ་ཨིན་པས།

ཤིང་མཁར་རྒཔོ་ དངོས་གྲུབ་ཀྱིས་ རྒེད་འོག་གི་ སྤྱི་འོག་༥ ཡོད་མི་ནང་ཡང་ ཚོད་བསྲེ་སྡེ་ཚན་གཉིས་ འགོ་བཙུགས་ཏེ་ གཡུས་མི་༦༠ དེ་ཅིག་གིས་ གྲལ་གཏོགས་འབད་དེ་ཡོད་ཟེར་ བཤད་པའི་ཁར་ ཧེ་མ་འབད་བ་ཅིན་ གཡུས་མི་ཚུ་གིས་ རང་ལངམ་ཅིག་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་ བཙུགས་ནི་མེད་ཟེར་ བཤདཔ་ཨིན་པས།

གཞུང་གིས་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་འཛུགས་སྐྱོང་འབད་ནིའི་ སེམས་ཤུགས་བསྐྱེད་ཐབས་ལུ་ སྔོ་ལྗང་ཆུ་ཤོག་ཁྱིམ་དང་ མཐུན་རྐྱེན་གཞན་ཚུ་ མཁོ་སྤྲོད་འབད་དེ་ཡོད་ཟེར་ཨིན་པས།

ཨམ་སྲུ་སྡེ་ཚན།

དྭགས་འཕེལ་ཨམ་སྲུ་སྡེ་ཚན་གྱིས་ཡང་ དུས་ཅི་ལས་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ འགོ་བཙུགས་ཡོདཔ་ད་ སྡེ་ཚན་གྱིས་ ཧེ་མ་ ཡོང་ག་དང་ ས་སྒ་ཐོན་སྐྱེད་དང་ ཕྱེ་བཟོ་ནི་ལུ་ གཙོ་བོར་བཏོན་ཡོདཔ་ཨིན་པས།

ད་རུང་ ཀྲོང་རྒེད་འོག་ ཏ་ཀ་སྦིས་ཨམ་སྲུ་སྡེ་ཚན་གྱིས་ཡང་ ཡོང་ག་དང་ ས་སྒ་རྐྱངམ་གཅིག་མེན་པར་ ཚོད་བསྲེའི་ལཱ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།

སྡེ་ཚན་གྱི་ཁྲི་འཛིན་ ཚེ་རིང་དབང་མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ཚོད་བསྲེ་ཚོང་འབྲེལ་འཐབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་ སྡེ་ཚན་གྱིས་ ཡོང་གའི་ཕྱེ་བཟོ་ནི་ལུ་ ཤུགས་བཏོན་སྡོད་ཅི་ཟེར་ཨིནམ་ད་ ཨམ་སྲུ་༦ གིས་བཙུགས་མི་ སྡེ་ཚན་དེ་གིས་ ས་ཆ་ ཨེ་ཀར་༦ ནང་ ལ་ཕུག་དང་ ཨེ་མ་ལ་སོགས་པ་ འཛུགས་སྐྱོང་འབདཝ་ཨིན་པས།

རྫོང་ཁག་གིས་ ཚོད་བསྲེ་འཛུགས་སྐྱོང་ལུ་ ཤུགས་བཏོན་ཡོད་མེད་དེ་ ཀྲོང་རྒེད་འོག་ནང་ ཁྱིམ་གུང་༦ ལས་མེད་མི་ ཕོ་སེང་གཡུས་ཚན་ཆུང་ཀུ་ཅིག་ལུ་ལྟཝ་ད་ ཤེས་ཚུགས་པས།

གཡུས་ཚན་དེ་ གཞལམ་སྒང་ཁྲོམ་ལས་ དྭགས་འཕེལ་འགྱོ་སའི་ གཞུང་ལམ་གྱི་ལྟག་ལུ་ མཐོང་གསལ་མེད་པའི་ ནགས་ཚལ་གྱི་སྦུག་ལུ་ ཐང་ཆུང་ཀུ་ཅིག་ནང་ ཆགས་ཡོདཔ་ད་ དེ་ནང་ དུས་རྒྱུན་དུ་སྡོད་མི་ མི་སེར་༡༠ དེ་ཅིག་ལས་མེད་རུང་ ཚོད་བསྲེ་རྒྱ་ཆེཝ་སྦེ་ བཙུགས་ཏེ་འདུག།

སྐྱེས་ལོ་༦༤ ལང་མི་ མགོནམ་བསྟན་འཛིན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་གི་ མི་ཚུ་གིས་ ཧེ་མ་ ཚོད་བསྲེ་བཙོང་ནིའི་དོན་ལུ་ བཙུགས་ནི་མེད་རུང་ དུས་ཅི་ལས་ མང་སུ་སྦེ་ འཛུགས་སྐྱོང་འབད་དེ་ཡོད་ཟེར་ཨིན་པས།

ནང་སྐོར་རྒེད་འོག་གི་ སྐྱིད་མཁར་སྤྱི་འོག་གི་ ཨམ་སྲུ་སྡེ་ཚན་གྱིས་ཡང་ ཚོད་བསྲེའི་ལཱ་འབད་དོ་ཡོདཔ་ད་ སྤྱི་འོག་དེ་གི་ ཉེ་འདབས་ལུ་ཡོད་མི་ ཏ་ལི་སྡེ་ཚན་གྱིས་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་པིག་ཨབ་ཅིག་གི་ ཚོད་བསྲེ་བཙོང་ཡོདཔ་ཨིན་པས།

སྐྱིད་མཁར་ཚོགས་པ་ ལས་སྐྱིད་བཟང་མོ་གིས་ སླབ་མིའི་ནང་ འཕྲལ་མགྱོགས་ར་ སྤྱི་འོག་ནང་གི་ མི་སེར་ཚུ་ལས་ཡང་ ཚོད་བསྲེ་ཚུ་ བསྡུ་སྒྱོམ་འབད་དེ་ བཙོང་ནིའི་དོན་ལུ་ རྫོང་ཁག་དང་གཅིག་ཁར་ བློ་སླབ་སྟེ་ཡོད་ཟེར་ཨིན་པས།

རྫོང་ཁག་གི་འཆར་གཞི།

རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ཡང་ ཧེ་མ་དང་མ་འདྲ་བའི་ འཆར་གཞི་དང་ ལས་སྣ་ཚུ་ གྲ་སྒྲིག་འབད་དེ་ཡོདཔ་མ་ཚད་ འཆར་དངུལ་ཡང་ རྫོང་ཁག་ཚུ་གི་གྲས་ལས་ མཐོ་ཤོས་༢ པ་དེ་ གཞལམ་སྒང་རྫོང་ཁག་གིས་ དངུལ་ཀྲམ་ས་ཡ་༦.༦ ཐོབ་སྟེ་ འདུག།

རྫོང་ཁག་སོ་ནམ་འགོ་དཔོན་གོངམ་ ཕུན་ཚོགས་ཀྱིས་ གཞལམ་སྒང་དེ་ གནམ་བྱཱར་གྱི་སྐབས་ ཆརཔ་མང་སུ་རྐྱབ་མི་ རྫོང་ཁག་ཅིག་འབདཝ་ལས་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་ལཱ་དེ་ གནམ་དགུན་ལུ་རྐྱངམ་གཅིག་ ཤུགས་བཏོན་ ཚུགསཔ་ཨིན་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནད་ཡམས་མ་ཐོན་པའི་ ཧེ་མ་ལས་ རྫོང་ཁག་ནང་ ཚོད་བསྲེ་ལུ་ ཤུགས་བཏོན་ནིའི་དོན་ལུ་ འཆར་གཞི་༡༢ པའི་ནང་ འཆར་གཞི་ལྷམ་ཚངམ་སྦེ་ བཟོ་སྟེ་ཡོདཔ་བཞིན་དུ་ ད་ལྟོ་ གཡུས་ཚན་ཐདམ་ཐད་ཁ་ལས་ཕར་ སོ་ནམ་པ་ཚུ་གིས་ ཚོད་བསྲེ་འཛུགས་སྐྱོང་འབད་བའི་བསྒང་ཡོདཔ་ལས་ ཐོན་སྐྱེད་ག་དེ་ཅིག་འོང་ག་ཡང་ ཚོད་དཔག་འབད་མི་ཚུགས་ཟེར་ཨིན་པས།

ཐོན་སྐྱེད་ཚུ་ཡང་ དུས་ཚོད་ཅིག་ནང་ ཐོན་སྐྱེད་མི་འབད་ནིའི་དོན་ལུ་ ས་མཐོ་དམན་གྱི་ གནས་སྟངས་དང་འཁྲིལ་ ཚོད་བསྲེའི་རིགས་ཚུ་ བཙུགས་བཅུག་ཡོད་ཟེར་ ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།

སོ་ནམ་ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལཝ་ད་ སྒོགཔ་དང་ བླམ་བན་ད་ དེ་ལས་ གནམ་དགུན་གྱི་ ཨེ་མ་ཚུ་ ག་ར་གིས་ བཙུགས་དགོཔ་སྦེ་ཨིན་རུང་ དེ་གི་ཐོག་ཁར་ ཚོད་བསྲེ་གཞན་ཚུ་ཡང་ ཞིབ་འཚོལ་འབད་མི་དང་འཁྲིལ་ཏེ་ བཙུགས་ནིའི་ནང་ སོན་དང་ལྕངམ་ དེ་ལས་ སྔོ་ལྗང་ཆུ་ཤོག་ཁྱིམ་ཚུ་ གྲོགས་རམ་འབད་དེ་ཡོད་ཟེར་ཨིན་པས།

ཕུན་ཚོགས་ཀྱིས་ ཁེངས་སྨད་ལུ་ སྤྱི་ལོ་༢༠༡༥ ལུ་ ཁ་རི་མུ་ཟ་ མོ་བཏབ་སྦེ་བཙུགས་ལྟཝ་ད་ སའི་ཆགས་ཚུལ་ལུ་བརྟེན་ ལེགས་ཤོམ་མ་ཐོནམ་ལས་ ཀྲོང་རྒེད་འོག་་ བེར་ཏི་ལུ་ འགོ་བཙུགསཔ་ད་ ཐོན་སྐྱེད་རྒྱ་ཆེ་དྲགས་སྦེ་ ཐོན་ཡོདཔ་ལས་ ད་རེས་ གཡུས་ཚན་དེ་གི་ སོ་ནམ་པ་ཚུ་གིས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཏེ་ཡོད་ཟེར་ཨིན་པས།

པཱན་སྦང་ལུ་ ཆརཔ་ཧ་སུ་རྐྱབ་དོ་ཡོདཔ་མ་ཚད་ ས་ཆ་དེ་ དྲོད་དང་ལྡནམ་ལས་ ཁ་རི་མུ་ཟའི་ རྡོག་མ་ཚུ་ བཏགསཔ་ཅིག་ར་ རུལ་འགྱོ་ནི་འདུག་ཟེར་ ཁོ་གིས་ བཤདཔ་ཨིན་པས།

རྫོང་ཁག་གིས་ འཆར་གཞི་ཚུ་ འགོ་མ་བཙུགས་པའི་ཧེ་མར་ རྒེད་འོག་༨ ལས་ ངོ་ཚབ་ཚུ་འབོ་སྟེ་ ཚོད་བསྲེ་ག་དེ་སྦེ་ར་ འཛུགས་སྐྱོང་འབད་ནི་ཨིན་ན་ བཤད་བྱིན་ཡི་ཟེར་ཨིན་པས།

པཱན་སྦང་གི་ ན་གཞོན་སྡེ་ཚན་གྱིས་ ཨེ་མ་ལུ་ ཤུགས་བཏོན་དོ་ཡོདཔ་ད་ གནམ་དགུན་ལུ་ ཨེ་མ་དེ་ པཱན་སྦང་ལས་ འཐོན་ནིའི་དོན་ལུ་ གཙོ་རིམ་སྒྲིག་སྟེ་ཡོདཔ་ཨིན་པས།

མེ་ཏོག་ཧོན་ཚོད་དང་ མེ་ཏོག་ཀོ་པི་ སྲནམ་ཅུམ་ དེ་ལས་ ལ་ཕུག་དམརཔོ་ཚུ་ གནམ་དགུན་ལུ་ ཤུགས་བཏོན་མི་དེ་ཡང་ གནམ་བྱཱར་ལུ་ ཆརཔ་མང་དྲགས་ནི་དེ་གིས་ ད་ལྟོ་ བཙུགས་ནིའི་ དུས་ཚོད་ཨིན་ཟེར་ ཕུན་ཚོགས་ཀྱིས་ བཤདཔ་ཨིན་པས།

བེར་ཏི་དང་ ཏ་ཀ་སྦིས་ དེ་ལས་ སྒོ་གླིང་ལུ་ སྤྱི་ཟླ་༥ པ་དེ་ཅིག་ནང་ ཐོན་སྐྱེད་འབད་ནིའི་དོན་ལུ་ ཨེ་མ་བཙུགས་ཏེ་ཡོད་མི་དེ་གིས་ རྫོང་ཁག་ནང་རྐྱངམ་གཅིག་ ལང་ཚུགས་དོ་འོང་ཟེར་ཨིན་པས།

ཕུན་ཚོགས་ཀྱིས་འབད་བ་ཅིན་ ལོ་འགོ་བཙུགས་ཁམས་ལུ་ བེར་ཏི་དང་ ཏ་ཀ་སྦིས་ དེ་ལས་ སྒོ་གླིང་ཚུ་ལས་ཐོན་མི་ ཚོད་བསྲེ་ཚུ་གིས་ གནམ་དགུན་པཱན་སྦང་ལས་ མ་འཐོན་ཚུན་ ལང་ཚུགས་ཟེར་ཨིནམ་ད་ དེ་གི་ཤུལ་ལས་ ལོ་མཇུག་བསྡུ་ཁམས་ལུ་ ཤིང་མཁར་རྒེད་འོག་ ཁྲི་ས་གཡུས་སྒོ་ཚུ་ནང་ལས་ཐོན་ཏེ་ ལོ་གཅིག་ལངམ་སྦེ་ མཐུད་སྦྲེལ་འབད་དེ་ བཞག་ནིའི་འཆར་གཞི་ཡོདཔ་ལས་ ཚོད་བསྲེ་ལ་མ་ལང་པའི་དཀའ་ངལ་མི་འཐོན་ཟེར་ བཤདཔ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་གོངམ་དེ་ འཕྲལ་འཕྲལ་ར་ གྲོང་གསེབ་ནང་ སྡེ་ཚན་ཚུ་གི་ལཱ་ཚུ་ ལྟ་རྟོག་འབད་བར་ འགྱོ་ནི་ཡོད་རུང་ ནད་ཡམས་ཐོན་པའི་ཤུལ་ལས་ འགྲོ་འགྲུལ་བཀག་དམ་གྱིས་ ལྟོ་རྟོག་འབད་ནི་ལུ་ ཐོ་ཕོག་ཡོདཔ་ཨིན་པས།

ཨིན་རུང་ ཁོ་གིས་ དུས་མཐུན་གྱི་ གནས་སྟངས་ཚུ་ བལྟ་ནི་དང་ ལཱ་འབད་མི་ཚུ་ལུ་ གྲོས་སྟོན་གྱི་ བསླབ་བཀོད་ཚུ་ ཝི་ཅཱཊ་ཐོག་ལས་ བྱིན་དོ་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ལཱ་འབད་སའི་ ས་ཁོངས་ནང་ ངོ་མ་སྦེ་ འགྱོ་མི་དང་ ཝི་ཅཱཊ་ཐོག་ལས་ བསླབ་བཀོད་འབད་མི་གི་བར་ན་ ཁྱད་པར་ཡོདཔ་ཨིན་རུང་ སྡེ་ཚན་དང་སོ་ནམ་པ་ཚུ་གིས་ དུས་ཅི་ ཧེ་མ་དང་ཕྱདཔ་ད་ བརྩོན་ཤུགས་ཐེབས་ར་བསྐྱེད་དེ་ ལཱ་འབད་མི་ལུ་བལྟ་སྟེ་ ངལ་རངས་ཏེ་ཡོད་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

དབུས་ཕྱོགས་རྫོང་ཁག་ མཐའ་ཟུར་ཅིག་ཨིན་མི་ གཞལམ་སྒང་རྫོང་ཁག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *