ཁེ་སང་ལུ་ དམིགས་གཏད་བསྐྱེད་ནི་མེན་པར་ ཡུན་བརྟན་གྱི་ མནོ་བསམ་གཏང་དགོཔ།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་ ལཱ་ཁག་ཅིག་ནང་ལས་ཕར་ འགྱོཝ་དང་བསྟུན་ མི་སེར་ཚུ་གིས་ སྤྱི་མཐུན་དང་ གཅིག་སྒྲིལ་ཐོག་ལས་ འགན་ཁུར་འབག་དགོ་པའི་ དུས་སྐབས་ཡང་ཤརཝ་མས།

དེ་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་མང་རབས་ཅིག་གི་རིང་ རྒྱལ་ཁབ་འདི་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་ལུ་ བོ་ཧེང་སྡོད་དེ་ ཧ་ལམ་ ཆུ་མི་གཞུང་གུ་ ཉ་མའི་ཕོཝ་བཀལ་སྡོད་ནུག།

དེ་འབད་ནི་དེ་གིས་ མི་སེར་ཚུ་གི་སེམས་ཁར་ ཚ་གྱང་མེདཔ་མ་ཚད་ གཞུང་གི་ཁ་ཐུག་ལས་འབད་རུང་ འདི་བཟུམ་གྱི་ བྱ་ལས་ཡུན་རིངམོ་སྦེ་ བསྟར་སྤྱོད་འབད་དེ་སྡོད་པ་ཅིན་ ནམ་ཕུགས་ཡུན་གནས་ཀྱི་ མཐའ་དོན་ལུ་ ཐོ་ག་དེ་སྦེ་ ཕོག་འོང་ག་ཟེར་བའི་ དོགས་ཟོན་མེད་པར་ བག་ལྷོད་ཐོག་སྡོད་པའི་ བརྡ་མཚོན་བྱུངམ་མས།

རྒྱལ་ཁབ་ནང་ རང་གི་རྒྱལ་ཁབ་ནང་ལས་ ཐོན་སྐྱེད་འབད་ཚུགས་པའི་རིགས་ ཚོད་བསྲེ་ཅིག་ལས་འགོ་བཙུགས་ ཟ་ཆས་ཚུ་ག་ར་ རྒྱ་གར་རྒྱལ་ཁབ་ལས་ ནང་འདྲེན་འབད་དེ་སྡོད་ནུག།

དེ་ཡང་ མི་སེར་ཚུ་གིས་ འབད་བ་ཅིན་ ཚོད་བསྲེ་དང་ ཟ་ཆས་ཀྱི་རིགས་ཚུ་ ཚོང་འབྲེལ་འཐབ་སྟེ་འབད་རུང་ ཁེ་སང་ལེགས་ཤོམ་བཟོ་མ་ཚུགས་པའི་ཁར་ ནང་འདྲེན་འབད་མིའི་ ཚོད་བསྲེའི་གོང་ཚད་དང་ དོ་འགྲན་འབད་མི་ཚུགས་པས་ཟེར་ སྐྱོན་བརྗོད་ར་ འབད་སྡོད་སར་མཐོངམ་མས།

སྤྱིར་བཏང་ ས་ཁ་ལས་འཚོ་མི་ ཚོད་བསྲེའི་རིགས་ གཅིག་ཨིན་པའི་ཁར་ ནང་འདྲེན་འབད་མི་བ་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་འདི་ ཁེ་སུ་སྦེ་ ཚོང་འབྲེལ་འཐབ་དགོཔ་ཡོད་མི་དེ་ཡང་ ནང་འདྲེན་འབད་མི་ཚོད་བསྲེ་ཚུ་ སྐྱེལ་འདྲེན་གྱི་གླ་ཆ་ མང་སུ་སྤྲོད་དགོ་མི་ལུ་བརྟེན་ གོང་ཚད་ཡང་ མཐོ་སུ་གནས་ནིའི་ འོས་འབབ་སྦོམ་ཡོད་རུང་ ནང་འདྲེན་འབད་མི་ལས་ ནང་འཁོད་ཐོན་སྐྱེད་ཀྱི་ གོང་ཚད་དེ་ མཐོ་སུ་སྦེ་ར་ ཚོང་འབྲེལ་འཐབ་སྡོད་ནུག། 

ཤེས་གསལ་དང་འཁྲིལ་བ་ཅིན་ ས་ནམ་གྱི་ལཱ་འབད་ནི་ལུ་ རྒྱ་གར་དང་ རྒྱལ་ཁབ་ནང་འཁོད་གཉིས་ ཕན་ཚུན་དབྱེ་བ་མེད་རུང་ མིའི་བསམ་སྤྱོད་དང་ དྲང་སྤྱོད་ཀྱི་རྣམ་གཞག་ལུ་ ཁྱད་པར་སྦོམ་སྦེ་ར་ ཞུགས་མི་དེ་ གཙོ་བོ་ར་ བྱ་བསད་ས་ལས་ སྡིག་སྐྱེད་གཏོན་ནིའི་ དཔའ་བཅམ་མི་ལུ་བརྟེན་ཨིན་པའི་ དྲན་ཚོར་བྱུངམ་མས།

ག་འཆརཔ་ཟེར་བ་ཅིན་ ད་རེས་ རྒྱང་མཐོང་དང་ བརྡ་བརྒྱུད་ཚུ་ནང་ལས་ཕར་ འབྲུག་པའི་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་གིས་ ནང་འཁོད་ཚོད་བསྲེ་གི་རིགས་ཚུ་ འཕྲོ་མཐུད་དེ་ར་ བཀྲམ་སྤེལ་འབད་དགོ་པ་ཅིན་ ནང་འདྲེན་འབད་ནི་དེ་ གཞུང་གིས་ བཀག་ཆ་དམ་སྒྲིང་འབད་དགོཔ་སྦེ་ དཔའ་ཉམས་དང་བཅས་པའི་སྒོ་ལས་ སླབ་སར་བལྟཝ་ད་ འདི་བཟུམ་གྱི་ སེམས་ཤུགས་སྐྱེད་མི་ལུ་ ངལ་རངས་དགོཔ་འདུག།

ཨིན་རུང་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ཚུ་གིས་ ཐབས་བྱུས་དེ་ བཟང་པོའི་ལམ་ལས་ རྒྱབ་འགལ་ལུ་ འགྱོ་བའི་མིག་དཔེ་སྟོན་མི་དེ་ཡང་ ས་ཆ་ཆུང་ཀུ་ཅིག་ནང་ལཱ་འབད་དེ་ ཁེ་སང་དངུལ་འབོར་ཆེ་ཏོག་ཏོ་སྦེ་ ཐོབ་དགོ་པའི་ བསམ་བཀོད་མ་གཏོགས་ གཤིས་བཟང་གི་ ལམ་ཕྱོགས་ལུ་ མདུན་ལམ་མི་བཟང་མས།

ཁོང་གིས་ ལོ་རྒྱུས་སླབ་དོ་བཟུམ་འབད་བ་ཅིན་ ས་ཆ་ཌིསི་༣༠ དང་༤༠ ནང་ལཱ་འབད་དེ་ འོང་འབབ་དངུལ་ཀྲམ་འབུམ་ཕྱེད་དང་༢ མ་གཏོགས་བཟོ་མ་ཚུགས་ཟེར་ བློ་ཕམ་དང་བཅསཔ་སྦེ་ བཤད་མི་དེ་ རང་དོན་རྐྱངམ་གཅིག་གི་ མནོ་ལུགས་ཨིན་པའི་ དྲན་ཚོར་བྱུངམ་མས།

རྒྱ་གར་ལུ་འབད་བ་ཅིན་ ས་ཆ་ཨེ་ཀར་༣ དང་༤ ནང་ལས་ འོང་འབབ་དངུལ་ཀྲམ་འབུམ་རེ་ བཟོ་ཚུགས་རུང་ འདི་གིས་ ཁེ་སང་ལེགས་ཤོམ་ཐོབ་ཅི་ཟེར་ སེམས་དགའ་སྟེ་སྡོདཔ་མས། 

དེ་འབདཝ་ལས་ ཚོད་བསྲེ་ཚོང་འབྲེལ་གྱི་ ཐབས་ལམ་སྒྲིག་མི་ཚུ་གིས་ མནོ་བསམ་སྒོ་ཡངས་ཐོག་ལས་ ཚོད་བསྲེ་ཉོ་མི་དང་ བཙོང་མི་གཉིས་ཆ་ར་ ང་བཅས་དཔལ་ལྡན་འབྲུག་པའི་མི་སེར་ གཅིག་ཨིན་ཟེར་བའི་ ཀུན་སློང་བཟང་པོ་བཏང་ཚུགས་པ་ཅིན་ ལེགས་ཤོམ་འོང་ནི་མས།

ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ མི་སེར་ག་ར་ སྤྱགས་སྡུག་འཐབ་སྟེ་ སྡོད་པའི་ནམ་དུས་ལུ་ གོ་སྐབས་ལེགས་ཤོམ་ཅིག་ཨིན་མས་ཟེར་ གོང་ཚད་ག་ལྷོད་སེང་ཐོག་ལས་ ཚོང་འབྲེལ་འཐབ་ནི་མེན་པར་ སྤྱི་མཐུན་དང་ གཅིག་སྒྲིལ་གྱི་ མནོ་བསམ་རྒྱ་ཆེ་སུ་སྦེ་བཏང་པ་ཅིན་ མ་འོངས་ཡུན་བརྟན་ལུ་ འདི་གིས་ར་ ཕན་ཐོགས་འོང་།

གལ་སྲིད་ ཁེ་སང་བཟོ་ནི་རྐྱངམ་གཅིག་ལུ་ དམིགས་གཏད་བསྐྱེད་པ་ཅིན་ ཕར་རྐྱབ་པའི་སྟ་རེ་བ་ ཚུར་ལོག་པའི་ཞོགས་ཁམ་ཤུགས་ཆེ་ཟེར་ སླབ་དོ་བཟུམ་ རྒྱལ་ཁབ་འདི་ ཨ་རྟག་ཧར་ལུགས་ འགྱོ་བའི་བསྒང་ལས་ ད་རུང་ ཧེ་མ་བཟུམ་སྦེ་ ནང་འདྲེན་ལུ་ར་ ཤུགས་ཐལ་ནི་ཨིནམ་ལས་ ད་ལྟོའི་ གོ་སྐབས་བཟང་པོ་འདི་ ལག་ལེན་ཚུལ་བཞིན་འཐབ་པ་ཅིན་ འདི་གིས་ ཡུན་རིང་ལུ་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ག་ར་གིས་ སེམས་ཁར་བཞག་དགོཔ་འདུག།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *