ཁེ་ལི་མཁའ་ལུ་ ཐོགས་ལུས་མི་འགྲུལ་པ་ཚུ།

ཁེ་ལི་མཁའ་ལུ་ གཞུང་ལམ་ཆད་མི་དེ་ ད་རིས་ བསལ་ཚར་ནི་བཟུམ་ཡོདཔ།

༉ དབང་འདུས་དང་ ཀྲོང་གསར་གྱི་བར་ན་ ས་གནས་ཁེ་ལི་མཁའ་ལུ་ གཞུང་ལམ་ཆད་མི་ལུ་བརྟེན་ འདས་པའི་ཉིན་གྲངས་༣ གྱི་རིང་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་ཡོདཔ་ཨིན་པས།

ཁེ་ལི་མཁའ་དེ་ དབང་འདུས་ལས་ ཀྲོང་གསར་ཁ་ཐུག་ ཀི་ལོ་མི་ཊར་༢༧ གྱི་ ས་གནས་ཁར་ཨིན་པས།

འདས་པའི་བདུན་ཕྲག་ནང་ ཆརཔ་མ་ཆད་པར་རྐྱབ་མི་ལུ་བརྟེན་ སྤྱི་ཟླ་༩ པའི་ཚེས་༡༡ ལུ་ གཞུང་ལམ་ཆད་ཡོདཔ་ལས་ རྒྱུན་འགྲུལ་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་པས།

ལོད་པའི་ས་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ སྤྱི་ཟླ་༩ པའི་ཚེས་༡༡ ལས་ ཟུར་ལམ་བསལ་ནི་ འགོ་བཙུགས་མི་དེ་ ད་རིས་ ཉིན་མ་ཁམས་ཅིག་ཁར་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཟུར་ལམ་བསལ་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་༤ བཙུགས་ཏེ་ཡོད་ཟེར་ཨིནམ་ད་ ས་གནས་ནང་ ཞབས་ཏོག་བློན་པོ་གིས་ ལྟ་སྐོར་འབད་ཡོདཔ་བཞིན་དུ་ གཞུང་ལམ་དེ་ ག་དེས་མགྱོགས་མགྱོགས་ བསལ་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།

ས་གནས་ནང་ ཐོགས་ལུས་མི་འགྲུལ་པ་ཚུ་ དབང་འདུས་ལུ་ ལོག་འོང་ཡོད་རུང་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་ཚུ་ ས་གནས་ནང་ར་ སྡོད་དོ་ཡོདཔ་ད་ བཀྲིས་གཡང་རྩེ་ལུ་འགྱོ་མི་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁེ་ལི་མཁའ་ལུ་ གཞུང་ལམ་ཆད་པའི་གནས་ཚུལ་ གོ་བའི་ཤུལ་ལས་ དབང་འདུས་ལུ་ སྡོད་ཅི་ཟེར་ཨིན་པས།

འཁོར་ལམ་ཆད་སའི་ས་ཁོངས་ནང་ འགྲུལ་པ་ལེ་ཤ་ ཐོགས་ལུས་མིའི་གྲས་ལས་ བུམ་ཐང་ལུ་ ཉིན་གྲངས་༥ འི་རིང་ ཞལ་འཛོམས་ནང་འགྱོ་མི་ བརྡ་བརྒྱུད་དང་ གསོ་བའི་ལས་བྱེདཔ་ སྡེ་ཚན་ཅིག་ཡོདཔ་ཨིན་པས།

འབྲུག་གི་དུས་ཚོད་གནས་ཚུལ་ལས་ཁང་གི་ གནས་ཚུལ་བསྡུ་བཀོདཔ་ ལྷག་པ་ཚེ་རིང་གིས་ སླབ་མིའི་ནང་ ཞལ་འཛོམས་དེ་ ཕར་འགྱངས་འབད་མི་བཏུབ་ནི་ཨིནམ་ལས་ འཁོར་ལམ་ཆད་རུང་ དུས་ཡུད་སྐར་མ་༢༠ དེ་ཅིག་ རྐང་སྟོང་འབད་ ལམ་ཕར་ཁ་སོང་ཡི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༩ པའི་ཚེས་༡༢ ལུ་ བུམ་ཐང་ལུ་ ཕྱི་རུའི་ཆུ་ཚོད་༥:༥༠ ལུ་ ལྷོད་ཅི་ཟེར་ཨིནམ་ད་ ང་བཅས་ཀྱིས་ ཁེ་ལི་མཁའ་ལུ་ ཉིན་མའི་ཆུ་ཚོད་༡༢ དེ་ཅིག་ཁར་ ལྷོད་པའི་ཤུལ་ལུ་ བུམ་ཐང་ལས་འོང་མི་ སྣུམ་འཁོར་ལུ་ སྒུག་སྡོད་ཅི་ཟེར་ཨིན་པས།

མ་གཞི་ བུམ་ཐང་ལས་ སྣུམ་འཁོར་དེ་ དྲོ་པ་ལས་འོང་རུང་ ཆུ་གསེར་བུ་དང་ ཡོ་སྟོང་ལ་ལུ་ འཁོར་ལམ་ཁག་ ལེ་ཤ་ཅིག་ར་ བསུབས་ཡོདཔ་ལས་ དུས་ཚོད་འགོར་སོ་ནུག་ཟེར་ ལྷག་པ་ཚེ་རིང་གིས་ བཤདཔ་ཨིན་པས།

གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ ཁ་ཙ་ཚུན་ མི་མང་གི་ སྣུམ་འཁོར་བཱསི་ཚུ་ ཁེ་ལི་མཁའ་ལུ་ ཐོགས་ལུས་ནུག་ཟེར་ཨིནམ་ད་ འགྲུལ་པ་ལ་ལོ་ཅིག་ རྐང་སྟོང་འབད་ བསྐོར་འགྱོ་ཞིནམ་ལས་ སྣུམ་འཁོར་གཞན་ཚུ་ནང་ སོང་དོ་ཡོདཔ་ཨིན་པས།

ཁེ་ལི་མཁའ་ལུ་ སྣུམ་འཁོར་ཐོགས་ལུས་མི་ཚུ་ ཐིམ་ཕུག་དང་ དབང་འདུས་ བུམ་ཐང་ ཀྲོང་གསར་ དེ་ལས་ བཀྲིས་གཡང་རྩེ་ལུ་ འགྱོ་མི་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *