ཁས་བླངས་ལྟར་དུ་ གྲུབ་འབྲས་མཐར་འཁྱོལ་ འབྱུང་མ་ཚུགསཔ།

༉ འཛམ་གླིང་ཚ་དྲོད་ཀྱི་ འགྱུར་བ་དང་བསྟུན་ རྒྱལ་ཁབ་ཀྱི་ གནམ་གཤིས་གནས་སྟངས་ཡང་ ཧེ་མ་དང་ མ་འདྲཝ་སྦེ་ར་ འགྱུར་འགྱོཝ་ཨིན་མས།
གནམ་གཤིས་འགྱུར་བགྲོད་ཀྱི་ གནས་དོན་གཙོ་བོ་ཅིག་ རྒྱལ་ཁབ་ནང་ ཕྱི་ལས་ནང་འདྲེན་འབད་མི་ འཕྲུལ་རིགས་དང་ མཁོ་ཆས་ རྒྱུ་རྫས་ཚུ་ལས་ཐོན་པའི་ དུག་རླུང་ཚུ་ལུ་བརྟེན་ བྱུངམ་ཨིན་མས།
དེ་འབད་ནི་འདི་གིས་ གཞུང་གི་ཁ་ཐུག་ལས་ འཕྲུལ་རིག་ལུ་བརྟེན་པའི་ བཙོག་རླུང་ཚུ་ མར་ཕབ་འབད་ཐབས་ལུ་ ཐབས་བྱུས་སྣ་ཚོགས་ཡོད་ལུགས་ཀྱི་ ཁས་བླངས་འབད་ཡི།
ལྷག་པར་དུ་ཡང་ ཁས་བླངས་གསལ་བསྒྲགས་དང་བསྟུན་ རྒྱལ་ཁབ་ཀྱི་ བཙོག་རླུང་ཚུ་ མར་ཕབ་འབད་ཐབས་ལུ་ གློག་ཤུགས་ཀྱི་ སྣུམ་འཁོར་ཚུ་ལུ་ གཙོ་རིམ་བཟུང་ཐོག་ལས་ ཁྲལ་ཡངས་ཐོག་ གློག་ཤུགས་སྣུམ་འཁོར་ཚུ་ ནང་འདྲེན་འབད་དེ་ མི་སེར་ཚུ་ལུ་ ལག་ལེན་འཐབ་བཅུག་ནི་གི་ ཐབས་ལམ་སྒྲིགཔ་ཨིན་མས།
སྤྱིར་བཏང་ གློག་ཤུགས་སྣུམ་འཁོར་ཚུ་ སྤྱོད་པ་ཅིན་ བཙོག་རླུང་མར་ཕབ་འབད་ཚུགས་པའི་ཁར་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ གློག་མེ་ཡང་ ལག་ལེན་འཐབ་ཚུགས་ནི་ཨིན་མས།
ཨིན་རུང་ གློག་ཤུགས་སྣུམ་འཁོར་ཚུ་ ཇ་པཱན་རྒྱལ་ཁབ་ལས་ ནང་འདྲེན་འབད་དགོ་པའི་ཁར་ གློག་ཤུགས་སྣུམ་འཁོར་གྱི་ གོང་ཚད་མཐོ་དྲགས་དང་ རྒྱལ་ཁབ་ནང་ གློག་མེ་བསྐྱར་གསོ་འབད་སའི་ ས་ཁོངས་ལངམ་སྦེ་ མེད་ནི་དེ་གིས་ མཐར་འཁྱོལ་ཅན་ འགྱོ་མ་ཚུགས་པའི་ གནས་སྟངས་ཤར་ཡི།
རྒྱལ་ཡོངས་ཚོགས་ཁང་ནང་ གསུང་གྲོས་གནང་པའི་སྐབས་སུ་ གཞུང་སྐྱོང་གི་ཁ་ཐུག་ལས་ སྣུམ་འཁོར་དེ་ འོས་འབབ་སྦོམ་ར་ཡོད་པའི་ བདེན་ཁུངས་བཟང་ཡོད་རུང་ ལྡོག་ཕྱོགས་ཀྱིས་ གློག་ཤུགས་སྣུམ་འཁོར་ནང་འདྲེན་འབད་ནི་ལུ་ འོས་འབབ་མེདཔ་སྦེ་ གྲོས་བསྡུར་ཡུན་རིང་འབད་བའི་ཤུལ་ལུ་ གཞུང་གིས་ དམངས་གཙོའི་རིང་ལུགས་ནང་ མང་མོས་ཐོག་ལས་ གློག་ཤུགས་སྣུམ་འཁོར་ ནང་འདྲེན་འབད་ནི་ལུ་ ཐག་བཅད་ཅི།
གློག་ཤུགས་སྣུམ་འཁོར་ནང་འདྲེན་གྱི་ གོ་སྐབས་གནང་པའི་བསྒང་ལས་ མི་སེར་གྱི་ཁ་ཐུག་ལུ་ འདི་ལུ་ ངོས་ལེན་ལེགས་ཤོམ་ཅིག་ འབད་མ་བཏུབ་མི་ལུ་བརྟེན་ གཞུང་སྐྱོང་གི་ དམིགས་ཡུལ་དེ་ འགྲུབ་མ་ཚུགསཔ་བཟུམ་སྦེ་ཚོརཝ་མས།
གཞུང་གི་ཁ་ཐུག་ལས་ ཁས་བླངས་གསལ་བསྒྲགས་འབད་བའི་ཤུལ་ལུ་ བསྟར་སྤྱོད་འབད་བའི་སྐབས་ བྱ་སྟབས་བདེ་མིན་རེ་བྱུང་སྟེ་ མཐར་འཁྱོལ་འབྱུང་མ་ཚུགས་པ་ཅིན་ དེ་གིས་ མི་སེར་དང་ རྒྱལ་ཁབ་ལུ་ གཅེས་སྐྱོང་དང་ ཤ་ཞེན་ཡོད་པའི་གྲངས་སུ་ བརྩི་འཇོག་འབད་ནི་ལུ་ ལཱ་ཁག་འོང་།
ད་རེས་ནངས་པར་ གློག་ཤུགས་སྣུམ་འཁོར་ལག་ལེན་འཐབ་མི་ རེ་གཉིས་མ་གཏོགས་མེད་པའི་ཁར་ འདི་གི་ཁེ་ཕན་དང་ གནོད་ཉེན་སྐོར་ལས་ཡང་ ལོ་རྒྱུས་ཚུ་ སླབ་ནི་མིན་འདུག།
དེ་འབདཝ་ལས་ ཁས་བླངས་གྲུབ་པའི་ཤུལ་ལུ་ ལག་ལེན་ཐད་ཁར་ གནད་དོན་ག་ཅི་ལུ་བརྟེན་ བྱ་སྟབས་མ་བདེཝ་ཡོདཔ་ཨིན་ན་ མི་སེར་ལུ་ གོ་བ་བརྡ་སྤྲོད་འབད་བ་ཅིན་ འདི་གིས་ མ་འོངས་པའི་ མདུན་ལམ་བཟང་ནི་ལུ་ ཁེ་ཕན་འབྱུང་སྲིད་ནི་ཨིན་རུང་ སྐྱོན་གྱི་ཆ་ རྒྱབ་ཁར་གསང་བཞག་མི་གིས་ ཐད་ཀར་མིན་པའི་སྒོ་ལས་ རང་ཕྱོགས་ལུ་ གནོད་ཉེན་འབྱུང་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *