ཁས་བླངས་འབད་མི་ལས་སྣ་ཚུ་ གྲུབ་འབྲས་ཅན་སྦེ་ འབྱུང་ཚུགས་ནི་ལུ་ རྩ་འགེངས་ནི།

༉ གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་གུ་ མཚན་རྟགས་བཀོད་ནིའི་ ལས་རིམ་དེ་ ལྷན་ཁག་ཚུ་གི་གྲས་ལས་ མཇུག་ར་ དངུལ་རྩིས་ལྷན་ཁག་དང་གཅིག་ཁར་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་བཀོད་ཡོདཔ་ད་ དེ་བསྒང་ དངུལ་རྩིས་ལྷན་ཁག་གིས་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་གྱི་ ཚད་གཞི་དེ་ བརྒྱ་ཆ་༦.༡ ལས་མངམ་སྦེ་ ཡར་སེང་འབད་ཚུགས་པའི་ ཁས་བླངས་འབད་ཡི།
དངུལ་རྩིས་བློན་པོ་རྣམ་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ དངུལ་རྩིས་ལྷན་ཁག་ནང་ ལཱ་འབད་མི་ འགོ་དཔོན་ཚུ་ ལྕོགས་གྲུབ་ཅན་དང་ མཁས་མཆོག་ཚུ་ཡོདཔ་ལས་ ལྷན་ཁག་གི་ འགོ་དཔོན་དང་ བློན་པོ་གི་ཁ་ཐུག་ལས་ གཞུང་སྐྱོང་མཆོག་འགྱུར་ནང་ ཁས་བླངས་འབད་དེ་ ལས་སྣ་ཚུ་ གྲུབ་འབྲས་ཅན་ཅིག་སྦེ་ འབྱུང་ཚུགས་ནི་ལུ་ ག་དེ་དྲག་དྲག་ རྩ་འགེངས་ནི་ཟེར་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ དངུལ་རྩིས་ལྷན་ཁག་གི་ ལས་བྱེདཔ་ཚུ་གིས་ ལཱ་རྩ་འགེངས་འབད་དེ་ གོང་འཕེལ་གྱི་ ལས་སྣ་ཚུ་ འཐུས་ཤོར་མེད་པར་ གྲུབ་ཚུགས་མི་དེ་ལུ་ ངལ་རངས་ཡོད་ལུགས་ཚུ་ བཤད་ཅི།
ཕྱིའི་མཁས་མཆོག་ཚུ་གིས་ བརྟག་ཞིབ་འབད་མི་དང་འཁྲིལཝ་ད་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་དེ་བརྒྱ་ཆ་༧ ལས་མངམ་སྦེ་ ཡར་སེང་འབད་ཚུགས་ནི་མས་ཟེར་ཨིནམ་ད་ བློན་ཆེན་གྱིས་འབད་རུང་ འབད་ཚུགས་ནི་བཟུམ་ མཐོངམ་མས་ཟེར་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢༡༣ གྱི་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ ལཱ་འབད་མི་ ཞི་གཡོགཔ་ཚུ་གིས་ ལཱ་རྩ་འགེངས་འབད་མི་ལུ་བརྟེན་ དངུལ་ཀྲམ་ཐེར་འབུམ་༢༢༢ ལུ་ ཡར་སེང་འབད་ནུག་ཟེར་ཨིན་པས།
དེ་སྦེ་ གོང་འཕེལ་གྱི་ལས་སྣ་ཚུ་གི་དོན་ལུ་ མ་དངུལ་ཡར་སེང་འབད་མི་དེ་ ཞི་གཡོགཔ་ཚུ་གིས་ ལཱ་ལེགས་ཤོམ་འབད་བའི་ རྟགས་མཚན་ཅིག་ཨིན་ཟེར་གསུངས་ཡི།
འཆར་གཞི་༡༡ པའི་ནང་ ནང་འཁོད་ཀྱི་འོང་འབབ་དེ་ དངུལ་ཀྲམ་ཐེར་འབུམ་༡༥༠ བཟོ་དགོ་པའི་ འཆར་གཞི་བརྩམས་ཡོདཔ་ཨིན་རུང་ དངུལ་ཀྲམ་ཐེར་འབུམ་༡༤༠ ལས་ འབད་མི་ཚུགས་ནི་མས་ཟེར་ཨིན་པས།
ཨིན་རུང་ འཆར་གཞི་༡༡ པའི་ ཡོངས་བསྡོམས་ཟད་འགྲོ་ ཡར་སེང་དང་ ནང་འཁོད་ཀྱི་འོང་འབབ་ དངུལ་ཀྲམ་ཐེར་འབུམ་༡༠ ཆད་ནི་ཨིན་རུང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ མ་དངུལ་ཚུ་ གནང་བྱིན་དང་ སྐྱིན་འགྲུལ་ལ་སོགས་པ་ཚུ་འཚོལ་ཏེ་ ལཱ་ཚུ་ འཐུས་ཤོར་མེད་པར་ འབད་ཚུགས་ནི་ཨིན་མི་དེ་ གྲུབ་འབྲས་སྦོམ་ཅིག་ཨིན་མས་ཟེར་ བློན་ཆེན་གྱིས་གསུངས་ཡི།
གྲོང་གསེབ་ཀྱི་ ཁྱིམ་གུང་པ་རེ་ལུ་ གློག་མེ་ཡུ་ནིཊ་༡༠༠ རེ་ སྟོང་པ་སྦེ་གནང་མི་དེ་གིས་ ཁྱིམ་གུང་པ་༩༩,༡༤༨ ལུ་ཕན་ཐོགས་ཡོདཔ་ལས་ ལོ་གཅིག་ནང་ རྩིས་རྐྱབ་ལྟཝ་ད་ དངུལ་ཀྲམ་ས་ཡ་༣༦༢ དེ་ཅིག་ དགོངས་ཡངས་བཏང་ཡི་ཟེར་ཨིན་པས།
ད་རུང་ འོང་འབབ་ཀྱི་ཁྲལ་བསྡུ་ལེན་གྱི་ ཚད་གཞི་དེ་ དངུལ་ཀྲམ་འབུམ་༢ ལུ་ ཡར་སེང་འབད་མི་དེ་གིས་ མི་༧༣,༡༠༠ ལུ་ ཕན་ཐོགས་ཡོདཔ་ད་ དེ་གིས་ དངུལ་ཀྲམ་ས་ཡ་༤༨༤ ལོ་གཅིག་ནང་ ཡངས་ཆག་བཏང་ནུག་ཟེར་ཨིན་པས།
དེ་ཚུ་ ཡངས་ཆག་བཏང་སྟེ་འབད་རུང་ ལས་བྱེདཔ་ཚུ་གིས་ གཞན་ཁ་ལས་ རྩ་འགེངས་ཏེ་ ཁྲལ་བསྡུ་ལེན་འབད་ནི་ཡོད་མི་ ནང་འཁོད་ཀྱི་ཁྲལ་ཚུ་ ལེགས་ཤོམ་སྦེ་ བསྡུ་ལེན་འབད་ཚུགས་མི་དེ་གིས་ གཞུང་ལུ་ ཕན་ཐོགས་པ་གིས་མ་ཚད་ གཞུང་གི་འཆར་གཞི་ལུ་ ཐོ་མ་ཕོག་ཟེར་ཨིན་པས།
བློན་ཆེན་གྱིས་ གཞུང་སྐྱོང་མཆོག་འགྱུར་གྱི་ གན་ཡིག་དེ་ འགོ་དང་པ་ སོ་ནམ་ལྷན་ཁག་ལས་ འགོ་བཙུགསཔ་ཡོདཔ་བཞིན་དུ་ དངུལ་རྩིས་ལྷན་ཁག་ལས་ མཇུག་བསྡུ་མི་དེ་ རྟེན་འབྲེལ་ལེགས་ཤོམ་ཅིག་ ཨིན་མི་དེ་ཡང་ འཆར་གཞི་གི་ ལས་སྣ་ཚུའི་དོན་ལུ་ མ་དངུལ་དེ་ ག་ར་དངུལ་རྩིས་ལྷན་ཁག་ལས་ འོང་ནི་དེ་གིས་ཨིན་ཟེར་གསུངས་ཡི།
ད་ལས་ཕར་ བློན་ཆེན་གྱིས་ རིམ་པ་བཞིན་དུ་ རྫོང་ཁག་དང་ རྒེད་འོག་ཚུ་དང་གཅིག་ཁར་ ལོ་བསྟར་གཞུང་སྐྱོང་མཆོག་འགྱུར་གྱི་ ཆིངས་ཡིག་གུ་ མཚན་རྟགས་བཀོད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *