ཁས་བླངས་པ་ཚུ་ལུ་ ཡིད་ཆེས་ངལ་རངས།

༉ ཚེ་རིང་སྒྲོལ་མ་གིས་ ལྟ་བཤལཔ་འཁྱིད་འགྱོ་ནིའི་ འཆར་གཞི་ཡོད་མི་དེ་ ནད་ཡམས་ཀོ་རོ་ན་བའེ་རཱསི་ ཐོན་པའི་ཤུལ་ལས་ འབད་མ་ཚུགས་པར་ལུས་ཡོདཔ་ད་ དེ་གིས་ མོ་རའི་འཚོ་སྐྱོང་ལུ་ཡང་ ཚབས་ཆེན་སྦེ་ར་ ཐོ་ཕོག་ཡོདཔ་ཨིན་པས།

གཞན་བཟུམ་སྦེ་ མོ་གིས་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ནང་བཙུགས་ཡོད་རུང་ མི་དབང་མཆོག་གིས་ གཞན་དོན་ལུ་ ཕྱག་ལཱ་གནང་ས་མཇལཝ་ད་ བདེ་སྲུང་ནང་འཛུལ་ནི་ལུ་ སེམས་ཤུགས་ཐོབ་ཡོདཔ་ཨིན་པས།

སྐྱེས་ལོ་༣༤ ལང་མི་གིས་ ཐིམ་ཕུག་ལུ་ བདུན་ཕྲག་དག་པ་ཅིག་གི་རིང་ ནུབ་མོ་ སྒྲིག་གཡོག་རྒྱུག་པའི་ཤུལ་ལས་ ལྷོ་མཚམས་ནང་ སྒྲིག་གཡོག་རྒྱུག་པར་ གཞན་བདེ་སྲུངཔ་ཕོ་སྐྱེས་༨༠ དང་ ཨམ་སྲུ་༢༠ དང་གཅིག་ཁར་ ཁས་བླངས་འབད་ནུག།

ང་གིས་ སྐྱིད་སྡུག་དགོཔ་སྦེ་ ཞུ་ཡིག་བཙུགས་ཡོདཔ་ལས་ ཁྱིམ་ནང་དེ་སྦེ་ར་སྡོད་ནི་དེ་ གདམ་ཁ་ལེགས་ཤོམ་ཅིག་སྦེ་ མ་ མཐོངམ་ལས་ སྐྱིད་སྡུག་ལེན་ཏེ་ དེ་སྦེ་སྡོདཔ་ད་ ངོ་ཚཝ་མས་ཟེར་ཨིན་པས།

མོ་གིས་ ས་མཚམས་བདའ་སྟེ་ གནམ་བྱཱར་སྒྲིག་གཡོག་རྒྱུག་ནི་དེ་ ལཱ་ཁག་ཡོདཔ་ཨིན་རུང་ འགྱོ་ནིའི་གྲ་སྒྲིག་འབད་ཡི་ཟེར་ཨིནམ་ད་ མོ་གིས་ འབད་ཚུགས་པའི་སྐབས་ གོ་སྐབས་མ་ལེན་པ་ཅིན་ མི་ཚེ་ནང་ མི་དབང་མཆོག་ལུ་ ཞབས་ཏོག་ཞུ་ནིའི་གོ་སྐབས་ མི་འཐོབ་འོང་ཟེར་ མནོ་ཡི་ཟེར་ཨིན་པས།

བདེ་སྲུངཔ་ཚུ་ ས་ཁོངས་ཅིག་ནང་སྡོད་དེ་ སྒྲིག་གཡོག་རྒྱུག་དགོཔ་ཨིན་རུང་ གནམ་བྱཱར་ཚ་དྲོད་དང་ དགུན་ལུ་ གྱང་བསིལ་ནང་ སྡོད་དགོཔ་བྱུང་ཡོདཔ་ད་ མི་དབང་མངའ་ཞབས་མཆོག་ཡང་ ཀོ་རོ་ན་བའེ་རཱསི་དེ་ བཀག་འཛིན་འབད་ཐབས་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཞབས་བཅགས་གནང་ཡི།

ས་མཚམས་བདའ་ སྒྲིག་གཡོག་རྒྱུག་སྟེ་ བདུན་ཕྲག་གཉིས་ཀྱི་རྒྱབ་ལས་ མོ་གིས་ བསམ་རྩེ་ལུ་ མི་དབང་མངའ་ཞབས་མཆོག་ ཞལ་མཇལ་ནིའི་གོ་སྐབས་ཐོབ་པའི་སྐབས་ མི་དབང་མཆོག་གིས་ ང་བཅས་ཀྱི་ བཟའ་ཚང་ཚུ་གི་སྐོར་ལས་ དྲི་ཞིབ་འབད་བའི་ཁར་ ཞབས་ཏོག་ཞུ་མི་ལུ་ ཐུགས་ངལ་རངས་ཡོད་ལུགས་ཚུ་གསུངམ་ད་ སེམས་ཁར་ འཁྲུལ་སྣང་ལང་ཡི་ཟེར་ཨིན་པས།

མོ་གིས་སླབ་མིའི་ནང་ མི་དབང་མཆོག་དང་ ཞལ་མཇལ་ནིའི་གོ་སྐབས་ཐོབ་མི་དེ་ མོ་རའི་མི་ཚེ་ནང་ ནམ་ཡང་མི་བརྗེད་ཟེར་ཨིན་ པས།

མི་དབང་རྒྱལ་བཙུན་དང་ རྒྱལ་སྲས་ཚུ་ རྒྱབ་ཁར་བཞག་སྟེ་ མི་དབང་མཆོག་གིས་ མི་སེར་གྱི་མཐའ་དོན་ལུ་གཟིགས་ཏེ་ ཐུགས་ ཀྱི་ཚ་གྱང་བཞེས་མི་ལུ་ མི་སེར་ཚུ་གིས་ བསམ་བརྗོད་ལས་འདས་པའི་ དགའ་ཚོར་ཡོད་ཟེར་ཨིནམ་ད་ ང་གིས་ མི་དབང་མཆོག་ སྐུ་ཉམས་ཤོར་ས་མཇལཝ་ད་ སེམས་ཕམ་བྱུང་ཡོད་རུང་ དེ་གིས་ ཞབས་ཏོག་ཞུ་ནི་ལུ་ ཧེང་སྐལ་ར་ སེམས་ཤུགས་ཐོབ་ཅི་ཟེར་ བློ་སླབ་པའི་སྐབས་ སྐད་འདར་ཏེ་ སླབ་ཨིན་པས།

མོ་གིས་སླབ་མིའི་ནང་ ལྷོ་མཚམས་ཀྱི་ས་ཁོངས་ ཚ་དྲོད་ཡོད་ས་ལུ་ སྒྲིག་གཡོག་རྒྱུག་མི་དང་ཕྱདཔ་ད་ ཁྲོམ་ཁར་སྒྲིག་གཡོག་རྒྱུག་ནི་དེ་ འཇམ་པས་ཟེར་ཨིན་པས།

ལྷོ་མཚམས་ཀྱི་ ས་ཁོངས་ཚུ་ནང་འབད་བ་ཅིན་ ཨ་རྟག་ར་ སྦུལ་ཚུ་དང་འཕྱད་ནིའི་ ཉེན་ཁ་ཡོད་པའི་ཁར་ བསམ་རྩེ་གི་ས་མཚམས་བདའ་ ཁྲིམས་འགལ་ཐོག་ལས་ ས་མཚམས་བརྒལ་འགྱོ་མི་ཡང་ འཕྲལ་འཕྲལ་ར་འཐོན་པའི་ ཉེན་ཁ་ཡོད་ཟེར་ ཨིན་པས།

སྒྲིག་གཡོག་སྐབས་ དཀའཝ་སྤྱད་རུང་ ཉིནམ་མཇུག་བསྡུཝ་ད་ སེམས་ཁར་ དཔའ་ཉམས་བྱུངམ་ལས་ བར་ན་ལས་ བཀོག་བཞག་སྟེ་འོང་ནིའི་ མནོ་བསམ་ཡང་ མ་གཏང་ཟེར་ཨིན་པས།

མ་འོངས་པ་ལུ་ཡང་ ས་མཚམས་བདའ་སྟེ་ སྒྲིག་གཡོག་ནང་འགྱོ་ནིའི་ འཆར་གཞི་ཡོད་ཟེར་ མོ་གིས་བཤད་པའི་ཁར་ མོ་དང་ གཅིག་ཁར་ ཟླཝ་གཉིས་ཀྱི་རིང་ བདེ་སྲུངཔ་གཞན་༥ དང་ ཨམ་སྲུ་ཁྲིམས་སྲུང་འགག་པ་ཚུ་ ཡོདཔ་ཨིན་པས།

ཁོང་ཆ་ཁྱབ་ གནས་སྐབས་ཀྱི་ ལྟ་རྟོག་ཁང་ནང་ ཉལ་ཡོདཔ་ད་ དེ་གི་འོག་ལུ་ ཐབ་ཚང་བཟོ་ཡོདཔ་ད་ དུས་ཡུན་ཆུ་ཚོད་༡༢ ཀྱི་ རིང་ སྐོར་རྒྱབ་ཐོག་ལས་ སྒྲིག་གཡོག་རྒྱུག་ནུག།

མོ་བཟུམ་སྦེ་ ལྟ་བཤལ་ལམ་སྟོན་པ་ སྲིད་ཐུབ་ཀྱིས་ཡང་ ནད་ཡམས་ཀྱིས་ ལཱ་གཡོག་བྱང་པའི་ཤུལ་ལས་ ཁས་བླངས་འབད་དེ་ ལྷོ་མཚམས་བདའ་ ཉིནམ་༤༩ དང་ བྱང་ཁ་ཐུག་གི་སྒྲིག་གཡོག་ནང་ ཉིནམ་༧༠ སྡོད་ཡོདཔ་ཨིན་པས།

གཞལམ་སྒང་ལས་ཨིན་མི་གིས་ བཤད་མིའི་ནང་ མི་དབང་མཆོག་གི་ མཛད་བྱ་ལུ་ལྟ་སྟེ་ དཔའ་ཉམས་བྱུང་ནི་དེ་གིས་ ཁས་བླངས་པ་སྦེ་ཐོན་ཡོདཔ་ད་ ཁོ་ར་ ཐིམ་ཕུག་ལས་ བྱང་ཁ་ཐུག་གི་ས་མཚམས་ནང་ སྒྲིག་གཡོག་ནང་འགྱོ་མི་ སྡེ་ཚན་དང་པ་ཨིན་པས།

ཁོ་གིས་ཡང་ མི་དབང་འབྲུག་རྒྱལ་བཞི་པ་དང་ མི་དབང་མངའ་ཞབས་མཆོག་དང་གཅིག་ཁར་ མཇལ་ཕྲད་གོ་སྐབས་ཐོབ་ཡོདཔ་ད་ མི་དབང་མཆོག་ རྒྱལ་ཁབ་མཐའ་དབུས་མེད་པར་ གཟིགས་སྐོར་ནང་བྱོན་ཏེ་ འུ་སྡུག་ཐང་ཆད་ས་མཇལཝ་ད་ ག་དེ་དྲག་དྲག་ ཕྱག་ཞུ་ནིའི་ སེམས་ཤུགས་ཐོབ་ཅི་ཟེར་ཨིན་པས།

ང་བཅས་ཆ་ཁྱབ་ བྱམས་བརྩེ་ཅན་གྱི་ མི་དབང་རྒྱལ་པོ་ཡོད་ནི་དེ་གིས་ དཀའ་སྡུག་ག་ནི་ཡང་ མྱོང་མ་དགོ་ཟེར་ཨིནམ་ད་ ད་རེས་ཤོ་ཐེངས་༤༣ པ་ཚུན་བརྩིསཝ་ད་ བདེ་སྲུངཔ་བསྡོམས་༡༨,༣༤༡ ཡོདཔ་བཞིན་དུ་ བདེ་སྲུངཔ་སྟོང་ཕྲག་ལས་བཅད་དེ་ ལྷོ་ཕྱོགས་དང་ བྱང་ཕྱོགས་ཀྱི་ ས་མཚམས་བདའ་སྟེ་ སྒྲིག་གཡོག་རྒྱུག་དོ་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།


ཁས་བླངས་ཐོག་ལས་ཕྱག་ཞུ་མི་ བདེ་སྲུངཔ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *