འབྲུག་གནམ་གྲུ།

ཁས་བླངས་ཐོག་ལས་ དངུལ་ཕོགས་བཏོག་མི་ལུ་བརྟེན་ མཁའ་འགྲུལ་ལས་སྡེ་གིས་ དངུལ་ཀྲམ་ས་ཡ་༦༥ གསོག་འཇོག།

༉ རྒྱལ་སྤྱིའི་མཁའ་འགྲུལ་ལས་སྡེ་ཚུ་གིས་ ནད་ཡམས་ཀྱི་གནས་སྟངས་ལུ་བརྟེན་ རང་སོའི་ལས་བྱེདཔ་ཚུ་ ལཱ་གཡོག་ནང་ལས་ དགོངས་ཞུ་འབད་བཅུག་ཡོད་རུང་ འབྲུག་མཁའ་འགྲུལ་ལས་འཛིན་གྱིས་ ལས་བྱེདཔ་ཚུ་ རང་འཇགས་སྦེ་ བཞག་ཡོདཔ་ཨིན་པས།

ནད་ཡམས་ཀྱིས་ མཁའ་འགྲུལ་གྱི་ཞབས་ཏོག་ལུ་ ཤུགས་སྦེ་ར་ འབྱེམ་ཕོག་མི་ལུ་བརྟེན་ ལས་བྱེདཔ་ཚུ་གིས་ རང་སོའི་དངུལ་ཕོགས་ལས་ བརྒྱ་ཆ་དུམ་གྲ་རེ་ བཏོག་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

འབྲུག་མཁའ་འགྲུལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ རྟ་མགྲིན་དབང་ཕྱུག་གིས་ སླབ་མིའི་ནང་ ལས་བྱེདཔ་ཚུ་ དགོངས་ཞུ་གཏང་མ་དགོཔ་སྦེ་ བཞག་ཐབས་ལུ་ ཡུན་བརྟན་ཐབས་ལམ་ཅིག་ཨིན་ཟེར་ཨིན་པས།

མ་དངུལ་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ གནམ་གྲུའི་དེད་དཔོན་དང་ འཕྲུལ་རིགཔ་ཚུ་གིས་ ཁོང་རའི་ དངུལ་ཕོགས་ཐོག་ལས་ བརྒྱ་ཆ་༢༥ རེ་ བཏོག་ནིའི་ཁས་བླངས་འབད་ཡོདཔ་པས།

རྟ་མགྲིན་དབང་ཕྱུག་དང་འཁྲིལཝ་ད་ ལས་བྱེདཔ་ཚུ་གིས་ ལོ་༡ གི་རིང་ དངུལ་ཕོགས་བཏོག་ནི་སྦེ་ ཐག་བཅད་དེ་ཡོད་ཟེར་ཨིནམ་ད་ གནས་སྟངས་དེ་ སྐྱོ་དྲགས་སྦེ་ར་སྡོད་པ་ཅིན་ ལས་བྱེདཔ་ཚུ་གིས་ འཕྲོ་མཐུད་དེ་ བརྒྱ་ཆ་མང་སུ་སྦེ་ བཏོག་ནི་ལུ་ཡང་ ངོས་ལེན་འདུག་ཟེར་ཨིན་པས།

སྡེ་རིམ་༧ པ་འོག་རྒྱུ་དང་ སྤྱིར་བཏང་ལས་བྱེདཔ་ དེ་ལས་ ཕྱིའི་ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཀྱིས་ འཚོ་སྐྱོང་འཐབ་ནི་ལངམ་ཅིག་ལས་ མེད་ནི་དེ་གིས་ བརྒྱ་ཆ་༡༥ རེ་ བཏོག་ནི་ཟེར་ཨིན་པས།

ཐབས་ལམ་གཞན་མི་དེ་ ལོ་༡ གི་ ངལ་གསོའི་འཐུས་ ཕར་འགྱངས་འབད་ཡོདཔ་ད་ ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་མེད་པར་ ངལ་གསོ་སྡོད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་དོ་ཡོདཔ་ད་ གཞན་ཡང་ འགྲོ་འགྲུལ་གྱི་འཐུས་དང་ ཡིག་ཚང་ནང་ལས་ དམིགས་བསལ་ངལ་གསོ་ལེན་ཏེ་ སྡོད་ནི་ཚུ་ཡང་ ལྟ་དོ་ཡོདཔ་ཨིན་པས།

ང་བཅས་ཀྱིས་ ཟད་འགྲོ་མར་ཕབ་འབད་ཚུགས་པའི་ ས་ཁོངས་ཚུ་ག་ར་ ལྟ་དོ་ཟེར་ རྟ་མགྲིན་དབང་ཕྱུག་གིས་ བཤད་ཡོདཔ་ད་ དཔེ་འབད་བ་ཅིན་ བཀོད་ཚོགས་འཐུས་མི་ཚུ་ལུ་ འཐུས་སྤྲོད་མི་དང་ ལས་བྱེདཔ་༡༩༦ ལས་ ཁས་བླངས་ཐོག་ དངུལ་ཕོགས་བཏོགས་བཞག་མི་དེ་གིས་ ལས་སྡེ་ལུ་ དངུལ་ཀྲམ་ས་ཡ་༦༥ དེ་ཅིག་ གསོག་འཇོག་འབད་ཚུགས་པས་ཟེར་ཨིན་པས།

དེ་མ་ཚད་ ལས་སྡེ་གིས་ ནེ་པཱལ་གྱི་རྒྱལ་ས་ལྟེ་བ་ ཀཱཐ་མཱན་ཌུ་དང་ ཌ་ཀ་ བག་ཌོ་ར་ གུ་ཧ་ཊི་ལུ་ཡོད་མི་ ས་གནས་ཀྱི་འཛིན་སྐྱོང་པ་དང་ བེང་ཀོག་ལུ་ཡོད་མི་ ཁྲལ་ཡངས་འགོ་དཔོན་དེ་ཡང་ ལོག་འབོ་ཡོདཔ་ཨིན་པས།

དེ་ལས་ སྤྱི་ལོ་༢༠༢༠ དང་༢༠༢༡ ལུ་ ལས་བྱེདཔ་ཚུ་ལུ་ སྒྲིག་གོ་བྱིན་ནི་དེ་ཡང་ བཀག་བཞག་ཡི་ཟེར་ཨིནམ་ད་ ན་ཧིང་ གནམ་གྲུའི་དེད་དཔོན་༡༦ དང་ དེད་དཔོན་ལས་རོགསཔ་༢༩ དེ་ལས་ དེད་དཔོན་སྦྱོང་བརྡར་བ་༤ བརྩིས་ཏེ་ ལས་བྱེདཔ་༤༨༢ ཡོདཔ་ཨིན་པས།

དེ་མ་ཚད་ ཕྱི་མི་དེད་དཔོན་དེ་ཡང་ ན་ཧིང་ ལོ་མཇུག་བསྡུ་ཁམས་ལས་ དགོངས་ཞུ་བཏང་ཡོདཔ་ད་ དེད་དཔོན་༨ ཀྱིས་ ལས་སྡེ་ནང་ལས་ ཐོན་འགྱོ་ཡོདཔ་ལས་ ལས་སྡེ་གིས་ དངུལ་ཀྲམ་ས་ཡ་༩༦ དེ་ཅིག་ གསོག་འཇོག་འབད་ཚུགས་ནུག།

ཁོ་གིས་སླབ་མིའི་ནང་ ཚོང་འབྲེལ་དེ་ ད་ལྟོ་བཟུམ་སྦེ་ར་ མེདཔ་སྦེ་སྡོད་དགོ་པ་ཅིན་ ཟད་འགྲོ་གཏང་ནིའི་དོན་ལུ་ སྐྱིན་འགྲུལ་ ལེན་དགོཔ་འོང་ཟེར་ཨིནམ་ད་ ཁས་བླངས་ཐོག་ལས་ དངུལ་ཕོགས་བཏོག་མི་དེ་གིས་ ལས་སྡེའི་ དངུལ་འབྲེལ་གྱི་འབྱེམ་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིནམ་ད་ ཐབས་ལམ་དེ་ དཔེ་ལེགས་ཤོམ་ཅིག་ཨིན་མས་ཟེར་ ཨིན་པས།

དངུལ་འབྲེལ་གྱི་འབྱེམ།

སྤྱི་ལོ་༢༠༡༩ ལུ་ ལས་སྡེ་གིས་ འཕུར་འགྲུལ་ཐེངས་༥,༠༠༠ དེ་ཅིག་འབད་ཡོདཔ་ལས་ ན་ཧིང་ འཕུར་འགྲུལ་ཐེངས་༥,༨༠༠ དེ་ཅིག་ ཚོད་དཔག་འབད་ཡོད་རུང་ ནད་ཡམས་ལུ་བརྟེན་ ཐོ་ཕོག་ཡོདཔ་ཨིན་པས།

ན་ཧིང་ ནད་ཡམས་ཐོན་པའི་སྐབས་ལུ་ འབྲུག་མི་ཚུ་ ལོག་ལེན་ནིའི་དོན་ལུ་ འཕུར་འགྲུལ་ཐེངས་༡,༥༠༠ དེ་ཅིག་འབད་བའི་ སྐབས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡.༥ ཐོབ་ཡོད་རུང་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༢.༧ བཏང་དགོཔ་བྱུང་ཡོདཔ་ལས་ དངུལ་ཀྲམ་ཐེར་འབུམ་༡ རྒུད་ཕོག་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༩ ལུ་ ཁྲལ་བཏབ་པའི་ཤུལ་ལས་ ལས་སྡེ་གིས་ ཁེ་སང་དངུལ་ཀྲམ་ས་ཡ་༣༤༣ བཟོ་ཡོདཔ་ད་ གནམ་གྲུ་ཨེ་ཊི་ ཨར་གསརཔ་ ལེན་མི་དེ་གིས་ དངུལ་ཀྲམ་ས་ཡ་༢༧༠ དེ་ཅིག་ ཁེ་སང་བཟོ་ནིའི་ དམིགས་གཏད་བསྐྱེད་ནུག།

སྤྱི་ལོ་༢༠༢༠ ལུ་ ལས་སྡེ་གིས་ གསར་སྒྲུབ་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༡.༥ ལེན་ཡོདཔ་ད་ སྤྱི་ལོ་༢༠༢༡ ལུ་ ནད་ཡམས་ཀྱི་གནས་སྟངས་དེ་གིས་ སང་ཕོད་ལོ་མཇུག་བསྡུཝ་ད་ དངུལ་ཀྲམ་ཐེར་འབུམ་༡.༣ དེ་ཅིག་ རྒུད་ཕོག་ནིའི་ཚོད་རྩིས་བཏོན་ཡོདཔ་ཨིན་པས།

ཚོད་དཔག་འབད་མི་དང་འཁྲིལཝ་ད་ འཕུར་འགྲུལ་ཚུ་ཡང་ མང་ཤོས་ར་ འགྲུལ་པ་ཉུང་སུ་འབག་སྟེ་ དོས་སྐྱེལ་འདྲེན་གྱི་དོན་ ལུ་འབད་ཡོདཔ་ད་ འབྲུག་བཟུམ་མའི་རྒྱལ་ཁབ་ལུ་ ནད་ཡམས་སྐབས་ སྨན་དང་ ཅ་ཆས་ དེ་ལས་ གལ་ཆེ་བའི་དོས་ཚུ་འབག་ནིའི་དོན་ལུ་ མཁའ་འགྲུལ་གྱིས་ ཕན་ཐོགས་ཡོདཔ་ཨིན་པས།

ལས་སྡེ་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ མི་ཉུང་སུ་འབག་སྟེ་ འཕུར་འགྲུལ་འབདཝ་ད་ ཨེ་ཡཱར་བཱསི་དང་ ཨེ་ཊི་ཨར་༢ འཕུར་འགྲུལ་མེདཔ་སྦེ་བཞག་པ་ཅིན་ ཟད་འགྲོ་གངམ་མི་གནས་ཟེར་ ཨིན་པའི་གནས་ཚུལ།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *