ཁམས་དྭངས་-རམ་འཇར་གྱི་ སྤྱི་ཚོགས་ཀྱི་འཐུས་མི་ལུ་ ཉེས་འཛུགས་ཁག་༧ བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀྲིས་གཡང་རྩེ་ལུ་ བཀག་དམ་ཅན་གྱི་ ས་ཁོངས་ནང་ ཚུལ་མིན་གྱི་སྒོ་ལས་ ལམ་བསལ་མིའི་ནང་ འབྲེལ་གཏོགས་ཡོད་མི་  ཁམས་དྭངས་-རམ་འཇར་གྱི་ སྤྱི་ཚོགས་ཀྱི་འཐུས་མི་ ཀུན་དགའ་བློ་གྲོས་ལུ་ ཉེས་འཛུགས་ཁག་༧ བཙུགས་ཡོདཔ་ཨིན་པས།

དེ་ཡང་ གནོད་སེམས་ཀྱི་ སྤྱོད་ངན་དང་ འབངས་ཀྱི་བདེ་སྲུང་ དེ་ལས་ ལྷོད་འཇགས་ཀྱི་བར་རྐྱེན་ ཡིག་ཚང་གི་བྱ་སྤྱོད་ངན་པ་ ཉེས་བཤེར་ལུ་བར་རྐྱེན་ ལམ་གྱི་བཅའ་ཁྲིམས་༢༠༡༣ ཅན་མ་ལས་འགལ་བ་ དེ་ལས་ མཐའ་འཁོར་གནས་སྟངས་བརྟག་ཞིབ་བཅའ་ཁྲིམས་༢༠༠༠ ཅན་མ་དང་ སའི་བཅའ་ཁྲིམས་༢༠༠༧ ཅན་མ་ཚུ་ལས་ འགལ་ཡོད་མི་ལུ་བརྟེན་ཨིན་པས།

གནས་ཚུལ་ཐོབ་མི་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༠ པའི་ཚེས་༡༢ ལུ་ བཀྲིས་གཡང་རྩེ་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་  ཁམས་དྭངས་ཀྱི་དམངས་མི་ སངས་རྒྱས་བསྟན་པ་དང་ ཁོ་རའི་བུ་གསུམ་ དེ་ལས་ འཐུས་མི་ཀུན་དགའ་བློ་གྲོས་ཚུ་གིས་ ས་གནས་ཁོ་སོ་འུང་ལུ་ ལམ་བསལ་ཡོད་པའི་སྐོལ་ འབྲུག་གི་ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ལུ་ ཉོག་བཤད་བཀོད་ཡོདཔ་ཨིན་པས།

དེ་ལས་ ཁྲིམས་སྲུང་འགག་སྡེ་གིས་ རྩོད་གཞི་ཐོ་བཀོད་འབད་དེ་ དམིགས་བསལ་གྱི་ ཞིབ་དཔྱད་འབད་མི་ སྡེ་ཚན་ཅིག་ བཏང་ཡོདཔ་ད་ ཞིབ་དཔྱད་སྐབས་ ཁོ་སོ་འུང་ལུ་ འཐུས་མི་ཀུན་དགའ་བློ་གྲོས་ལུ་ཡང་ ས་ཆ་ཡོདཔ་སྦེ་ ཤེས་རྟོགས་བྱུང་མི་ལུ་བརྟེན་ ཁྲིམས་འགལ་ཐོག་ ལམ་བསལ་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།

ཉེས་འཛུགས་འབད་མི་ཚུ་གི་གྲས་ལས་༡  འཐུས་མི་ཀུན་དགའ་བློ་གྲོས་དང་ དམངས་མི་སངས་རྒྱས་བསྟན་པ་ དེ་ལས་ ཁོ་རའི་བུ་གསུམ་གྱི་བར་ན་ ཁོ་སོ་འུང་ལུ་ ཕ་མའི་ས་གཞི་ནང་ སོ་ནམ་ཚོང་འབྲེལ་གྱི་དོན་ལུ་ གྲོས་འཆར་བཙུགས་ནིའི་སྐོར་ལས་ ཊེ་ལི་ག་རམ་སྡེ་ཚན་ནང་ ལོ་རྒྱུས་ཚུ་ བརྗེ་སོར་འབད་ནུག་ཟེར་བཀོད་ནུག།

ཁོང་གིས་ བཀག་དམ་ཅན་གྱི་ ས་ཁོངས་ནང་ ལམ་སེལ་ནི་དང་ འཕྲུལ་རིག་གྲོགས་རམ་ དགོ་པའི་སྐོར་ལས་ རྫོང་ཁག་བདག་སྐྱོང་ལུ་ ཞུ་བ་འབད་ཡོད་རུང་ རྫོང་ཁག་བདག་སྐྱོང་གིས་ བཀག་དམ་ཅན་གྱི་ ས་ཁོངས་ཨིནམ་ལས་ གནང་བ་མ་བྱིན་པས་ཟེར་ཨིན་པས།

ཨིན་རུང་ འཐུས་མི་ཀུན་དགའ་བློ་གྲོས་ཀྱིས་ རྫོང་བདག་ལུ་ གནང་བ་གནང་དགོ་པའི་སྐོར་ལས་ བརྒྱུད་འཕྲིན་བཏང་ནུག་ཟེར་བཀོད་ནུག།

དམངས་མི་དང་ ཁོ་རའི་བུ་ཚུ་གིས་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༢༧ ལུ་ ས་བརྐོ་འཕྲུལ་ཆས་བདའ་ཐོག་ལས་ ལམ་རྒྱ་ཚད་མི་ཊར་༤.༨ དང་ རིང་ཚད་མི་ཊར་༢༣༣ བསལ་ཡོད་མི་དེ་ཡང་ འཐུས་མི་ཀུན་དགའ་བློ་གྲོས་དང་ གྲོས་བསྟུན་འབད་དེ་ཨིན་མས།

ལམ་བསལ་མིའི་མཐོང་སྣང་ཅིག་ ཀུན་དགའ་བློ་གྲོའི་ ཚ་བོ་གིས་ སྡེ་ཚན་ནང་ གློག་བརྙན་ཐུང་ཀུ་བསྐྱལ་བའི་ཤུལ་ལུ་ ས་བརྐོ་འཕྲུལ་ཆས་དེ་ ཚུལ་མིན་དང་གསང་བའི་ཐོག་ལས་ ས་ཁོངས་ནང་ བསྐྱལ་ཡོདཔ་བཞིན་དུ་ དུས་ཐུང་གློག་བརྙན་དེ་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་ནུག་ཟེར་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་འབད་ནུག།

འཐུས་མི་གིས་ འབངས་ཀྱི་བདེ་སྲུང་དང་ ལྷོད་འཇགས་ཀྱི་བར་རྐྱེན་རྐྱབ་མི་ལུ་ ཉེས་འཛུགས་བཀལ་ཡོདཔ་ད་ རྩོད་དཔོན་ཡོངས་ཁྱབ་ཀྱིས་ འཐུས་མི་དེ་ བཀྲིས་གཡང་རྩེ་རྫོང་ཁག་གི་ སློབ་གྲྭ་ཁག་ཚུ་ནང་ སློབ་དཔོན་སྦེ་ སྡོད་ཡོདཔ་ལས་ མཱན་ལ་དེ་ བཀག་དམ་ཅན་གྱི་ ས་ཁོངས་ཨིནམ་ མ་ཤེསཔ་མི་འོང་ཟེར་ཨིནམ་ད་ ཁོ་ར་ ཁྲིམས་ལུགས་ཀྱི་སྐོར་ལས་ ཤེས་རྟོགས་ཡོད་པའི་ཁར་ འཕྲུལ་ཆས་འབག་པའི་སྐབས་ རྒྱལ་ཁབ་ཀྱི་ སྲིད་བྱུས་ལུ་ གནོད་ཉེན་ག་དེ་སྦེ་ཡོདཔ་ཨིན་ན་ ཧ་གོ་དགོ་ཟེར་ ཉེས་འཛུགས་འབད་ནུག། 

དེ་མ་ཚད་ རྫོང་ཁག་བདག་སྐྱོང་གིས་ གནང་བ་མ་བྱིན་རུང་ འཐུས་མི་དང་ ཚ་བོ་ཚུ་གིས་ ལམ་བསལ་ནུག་ཟེར་ཨིནམ་ད་ འཐུས་མི་གིས་ ཚ་བོ་ཚུ་ལུ་ ཚུལ་མིན་ཐོག་ལས་ འཕྲུལ་ཆས་འབག་ཡོདཔ་ལས་ གློག་ཐུང་ཁྱབ་སྤེལ་འབད་ནི་ལས་ འཛེམ་དགོཔ་སྦེ་སླབ་མི་ལུ་ འཐུས་མི་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་༤༤༨ པ་ལས་ འགལ་ནུག་ཟེར་ཨིན་པས།

འཐུས་མི་ཀུན་དགའ་བློ་གྲོས་དེ་ ཡིག་ཚང་གི་ བྱ་སྤྱོད་ངན་པ་ ཉེས་བཤེར་ལུ་བར་རྐྱེན་རྐྱབ་པའི་ ཉེས་འཛུགས་འབད་མི་དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་འཁྲིལ་ འཐུས་མི་ཁོ་རའི་ལཱ་འགན་དེ་ རྒྱལ་ཁབ་ཀྱི་ སྲུང་སྐྱོབ་དང་ རང་དབང་རང་བཙན་ ཉེན་སྲུང་འབད་མི་ཅིག་འབདཝ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༣༡༦ ཀ་པ་ལས་འགལ་ནུག་ཟེར་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བཀོད་མའི་ནང་ འཐུས་མི་གིས་ རྫོང་ཁག་བདག་སྐྱོང་གི་ ཁ་ཐུག་ལས་ རྩོད་གཞི་དེ་ ཁྲིམས་སྲུང་འགག་སྡེ་ལུ་ སྤྲོད་ནི་མས་ཟེར་ ཤེས་རྟོགས་བྱུང་པའི་ཤུལ་ལུ་  རྫོང་ཁག་ནང་འཁོད་སེལ་དགོཔ་སྦེ་ རྫོང་བདག་དང་ རྫོང་རབ་ལུ་ བརྒྱུད་འཕྲིན་བཏང་ནུག་ཟེར་ཨིན་པས།

གནད་དོན་དེ་ལུ་བརྟེན་ཏེ་ ལམ་སེལ་འགོ་དཔོན་དང་ ཁྲིམས་བདག་འཛིན་འབད་མི་ དབང་འཛིན་ཚུ་ལུ་ སྙན་ཞུ་མ་འབད་མི་ལུ་བརྟེན་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༤༡༩ པ་ལས་ འགལ་ནུག་ཟེར་ཨིན་པས།

དེ་བཟུམ་སྦེ་ འཐུས་མི་གིས་ ལམ་གྱི་བཅའ་ཁྲིམས་ཀྱི་དོན་ཚན་༢༤༠(༡༠) དང་ རང་བཞིན་གནས་སྟངས་བརྟག་ཞིབ་བཅའ་ཁྲིམས་ དེ་ལས་ སའི་བཅའ་ཁྲིམས་ཀྱི་དོན་ཚན་༢༩༩(ཅ) ལས་འགལ་ནུག་ཟེར་ཨིན་པས།

 རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༧ པའི་རྩ་དོན་༡༥ པའི་ནང་ ཁྲིམས་ཀྱི་འོག་ལུ་ མི་ག་ར་ འདྲ་མཉམ་ཨིནམ་མཞིན་དུ་ འདྲ་མཉམ་དང་ དོན་སྨིན་ཅན་གྱི་ཁྲིམས་ཀྱི་ཉེན་སྐྱོབ་ཐོབ་རིམ་ཡོདཔ་ལས་ འགན་ཁུར་འབག་མི་ སྤྱི་ཚོགས་ཀྱི་ འཐུས་མི་ལུ་ ཕྱོགས་རིས་ཕྱེ་ནི་མེད་ཟེར་ བཀོད་ཡོདཔ་ད་ འཐུས་མི་གིས་ ཁྲིམས་འགལ་གྱི་ ལཱ་འབད་ནི་མེན་པར་ རྒྱལ་ཁབ་ཀྱི་ཁྲིམས་ལུ་ གནས་དགོཔ་ཨིན་པས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བྱ་ངན་འཐབ་པའི་ ཉེས་འཛུགས་དེ་ སྤྱི་ཚོགས་ཀྱི་འཐུས་མི་བརྩིས་ཏེ་ འབྲུག་མི་ག་ར་ལུ་ འདྲ་མཉམ་སྦེ་ བཀལ་དགོཔ་བཞིན་དུ་ ཡིག་ཚང་གིས་ ཁྲིམས་དང་འཁྲིལ་ཏེ་ འཐུས་མི་དང་ ཉེས་འཛུགས་ཅན་གཞན་ག་ར་ལུ་ ཁྲིམས་གཅོད་འབད་འོང་ཟེར་བཀོད་ནུག།

འཐུས་མིའི་ཕོ་རྒནམ་གིས་ མི་སྡེ་བརྡ་བརྒྱུད་ནང་ ས་གནས་ཁོ་སོ་འུང་ལུ་ ལཱ་གཡོག་མེད་མི་ ཚ་བོ་༤ གི་དོན་ལུ་ ཕ་གཞི་ཨེ་ཀར་༡༢ བཟའ་སྤྱོད་འབད་དོན་ལུ་ ས་བརྐོ་འཕྲུལ་ཆས་ ས་ཁོངས་དེ་ནང་ བསྐྱལ་ཡོདཔ་མ་གཏོགས་ ཁྲིམས་འགལ་ཐོག་ལས་ ལམ་མ་བསལ་ཟེར་ ཡིག་ཐོག་ལུ་ ངག་བརྗོད་ཕུལ་ཏེ་ཡོདཔ་ཨིན་པས།

སངས་རྒྱས་བསྟན་པ་གིས་ བཀོད་མིའི་ནང་ བཀག་དམ་ཅན་གྱི་ ས་ཁོངས་ནང་ འཁོར་ལམ་གཉིས་བསལ་ཏེ་ཡོད་མི་དེ་ཡང་ དོག་གསུམ་ལས་ ཚང་སིང་མ་ལུ་ ལམ་ཀི་ལོ་མི་ཊར་༢ དེ་ཅིག་བསལ་ཏེ་ཡོད་པའི་ཁར་ དོག་གསུམ་ལས་ མདའ་འུང་ལུ་ རྫོང་ཁག་གིས་ ཕྱགས་སྙིགས་བཀོག་ནིའི་དོན་ལུ་ ཅིག་བསལ་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ། 

གནས་བརྟན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *