བཀྲིས་གཡང་རྩེའི་ རྫོང་ཁག་ཚོགས་འདུ་ འཚོགས་པའི་བསྒང་།

ཁམས་དྭངས་རྒེད་འོག་གི་ མི་སྡེ་འགོ་ཁྲིདཔ་ཚུ་ བུ་གཡང་གཙང་ཆུ་ སྐམ་འགྱོ་བའི་ཚ་གྱང།

༉ བཀྲིས་གཡང་རྩེའི་ རྫོང་ཁག་ཚོགས་འདུ་འཚོགས་པའི་སྐབས་ ཁམས་དྭངས་རྒེད་འོག་གི་ རྒཔོ་གིས་ ནགས་ཚལ་ལས་ཁུངས་ཀྱིས་ ས་གནས་བུ་གཡང་ལས་ ཤིང་བཏོན་ནིའི་ཆོག་ཐམ་སྤྲོད་ནི་དེ་ མཚམས་འཇོག་འབད་དགོཔ་སྦེ་ ཞུ་ཡི།
དེ་ཡང་ ཁམས་དྭངས་རྒེད་འོག་དང་ དོགས་གསུམ་ཁྲོམ་གྱི་ མི་སེར་ཚུ་གི་དོན་ལུ་ འཐུང་ཆུའི་རྐ་དེ་ མེདཔ་ཐབས་མེདཔ་ཅིག་ཨིནམ་ལས་ ཆུ་རྐ་ཉམས་འགྱོ་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན་པས།
རྒཔོ་ནོར་བུ་གིས་ ཞུ་མའི་ནང་ ནགས་ཚལ་ལས་ཁུངས་ཀྱིས་ ཆུ་རྐ་ལས་ ཤིང་བཏོན་ནི་དེ་ བཀག་ཐབས་མ་འབད་བ་ཅིན་ མ་འོངས་པའི་ནང་ ཆུ་རྐ་སྐམ་འགྱོ་ནི་མས་ཟེར་ཨིནམ་ད་ དེ་གིས་ གུང་པ་༧༠༠ ལྷགཔ་ཅིག་ལུ་ གནོད་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒེད་འོག་གི་ཆུ་རྐ་ བུ་གཡང་གཙང་ཆུ་རྐྱངམ་གཅིག་འབདཝ་ལས་ སྐམ་འགྱོ་བའི་ཚ་གྱང་ཡོད་ཟེར་ཨིནམ་ད་ འཐུང་ཆུ་དང་ ཞིང་ཆུ་གཉིས་ཆ་ར་ དེ་ལུ་བརྟེན་དགོ་ཟེར་ཨིན་པས།
དམངས་མི་ སངས་རྒྱས་བསྟན་པ་གིས་ ཞུ་མིའི་ནང་ ས་ཁོངས་ནང་ ཤིང་བརྒྱ་ཆ་༦༠ དེ་ཅིག་ བཏོགས་ཚར་ནུག་ཟེར་ཨིནམ་ད་ འཕྲོ་མཐུད་དེ་ར་ ཤིང་བཏོགས་བཅུག་པ་ཅིན་ ཆུ་ཡང་སྐམ་འགྱོ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ འཐུང་ཆུ་ལངམ་སྦེ་ཐོབ་སྟེ་འབད་རུང་ ས་སྐམ་རྡོ་སྐམ་གྱི་སྐབས་ལུ་ འཐུང་ཆུ་མ་ལང་པའི་དཀའ་ངལ་འཐོན་ནི་ཡོད་ཟེར་ཨིནམ་ད་ རྒེད་འོག་གཞན་ཁར་བཟུམ་སྦེ་ ཨོམ་ཆུ་འཐོན་ས་མེད་ཟེར་ ཨིན་པས།
རྒཔོ་གིས་འབད་བ་ཅིན་ ཁམས་དྭངས་རྒེད་འོག་ནང་ ཆུ་རྐ་གཅིག་རྐྱངམ་གཅིག་འབདཝ་ལས་ ཆུ་རྐ་བདག་འཛིན་འབད་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ ཧེ་མ་ལས་ར་ མི་སེར་ཚུ་ བུ་གཡང་ཆུ་རྐ་ལུ་བརྟེན་ཏེ་ སྡོད་དགོ་ཟེར་ཨིན་པས།
ནགས་ཚལ་གླིང་འཛིན་འགོ་དཔོན་ བླམ་ནོར་བུ་གིས་ སླབ་མིའི་ནང་ གཡང་རྩེ་ལས་ ཤིང་བཏོནམ་ད་ ས་ཐག་རིང་བའི་སྟབས་ཀྱིས་ ཟད་འགྲོ་སྦོམ་གཏང་དགོཔ་ལས་ ས་གནས་དེ་ གདམ་ཁ་རྐྱབ་མས་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ ཤིང་བརྡབ་མ་བཅུག་པ་ཅིན་ ནགས་ཚལ་ལས་ཁུངས་ཀྱིས་ རྒྱབ་སྐྱོར་ཡོད་ཟེར་ཨིན་པས།
དྲགོས་རྫོང་བདག་ ཐུགས་རྗེ་ཚེ་རིང་གིས་ སླབ་མིའི་ནང་ གལ་སྲིད་ས་གནས་ནང་ འཕྲོ་མཐུད་དེ་ར་ ཤིང་བཏོག་བཅུག་པ་ཅིན་ ཁམས་དྭངས་རྒེད་འོག་ལུ་ ཆུའི་དཀའ་ངལ་འབྱུང་སྲིད་འོང་ཟེར་ཨིནམ་ད་ མ་འོངས་པའི་ནང་ རྒེད་འོག་སྟོངམ་འཐོན་ནིའི་ཉེན་ཁ་ཡང་ འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ ས་གནས་དེ་ཁར་ ཤིང་བཏོག་ནི་དང་ འཁོར་ལམ་བཏོན་གནང་ཟེར་ སླབ་དོ་ཡོདཔ་ལས་ ས་གནས་དམའ་སར་ གཞི་ཆགས་སྡོད་མི་ཚུ་གི་མཐའ་དོན་ཡང་ བལྟ་དགོཔ་ཁག་ཆེ་ཟེར་ ཨིན་པས།
ཨིན་རུང་ རྫོང་ཁག་ཚོགས་འདུ་གིས་ རྫོང་ཁག་ནགས་ཚལ་ལས་ཁུངས་དང་ རྒེད་འོག་བདག་སྐྱོང་ དེ་ལས་ རྒེད་འོག་ནང་ཡོད་པའི་ ནགས་ཚུལ་འགོ་དཔོན་ཚུ་གིས་ གྲོས་བསྟུན་འབད་ཐོག་ལས་ ཐབས་ལམ་བཏོན་དགོ་པའི་ གྲོས་ཆོད་བཏོན་ཡོད་པའི་གནས་ཚུལ།

བཀྲིས་གཡང་རྩེ། གནས་བརྟན་རྡོ་རྗེ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *