ནང་པའི་སྨན་པ་ པདྨ་དབངཕྱུག་གིས་ ནདཔ་ཅིག་ བརྟག་དཔྱད་འབད་བའི་བསྒང་།

ཁང་མིག་མ་ལང་མི་ལུ་བརྟེན་ ནང་སྨན་གྱི་ ཞབས་ཏོག་མང་ཤོས་ར་ སྤྲོད་མི་ཚུགས་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་གི་ གཞི་རྟེན་སྨན་ཁང་སྡེ་རིམ་དང་པའི་ནང་ ནང་པའི་སྨན་བཅོས་ཀྱི་ ཞབས་ཏོག་ཚུ་ ཡར་དྲག་དང་ གོང་འཕེལ་གཏང་ནིའི་དོན་ལུ་ ཁང་མིག་ལོགས་སུ་སྦེ་ར་ དགོཔ་ཨིན་པས།
ད་རེས་ ནང་སྨན་གྱི་ཞབས་ཏོག་དེ་ གཞི་རྟེན་སྨན་ཁང་གི་ ཁང་མིག་ཆུང་ཀུ་ཅིག་ནང་སྦེ་ སྤྲོད་དོ་ཡོདཔ་ད་ ཁང་ཅིག་མ་ལང་མི་ལུ་བརྟེན་ སྨན་དང་ གསེར་ཁབ་ལ་སོགས་པའི་ ཞབས་ཏོག་ཚུ་མ་གཏོགས་ སྨན་བཅོས་ཞབས་ཏོག་གཞན་གྱི་རིགས་ཚུ་ མང་ཤོས་ར་ སྤྲོད་མི་ཚུགས་དོ་ཡོདཔ་ཨིན་པས།
ནང་པའི་སྨན་པ་ པདྨ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པར་ ནང་པའི་སྨན་བཅོས་ཞབས་ཏོག་གི་ སྦྱོང་བརྡར་ལེ་ཤ་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ནང་སྨན་ཞབས་ཏོག་ཚུ་ ཡར་དྲག་གཏང་དགོ་པའི་ སྲིད་བྱུས་ཚུ་ཡོདཔ་ལས་ ཞབས་ཏོག་དེ་ཚུ་ རང་སོའི་སྨན་ཁང་ཚུ་ གཞི་བཙུགས་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ནང་སྨན་གྱི་དོན་ལུ་ ཁང་མིག་ལོགས་སུ་སྦེ་མེདཔ་ལས་ ཁང་མིག་མ་ལང་པའི་ དཀའ་ངལ་ལུ་བརྟེན་ ཞབས་ཏོག་མང་ཤོས་ཅིག་ར་ སྤྲོད་མི་ཚུགས་པས་ཟེར་ཨིནམ་ད་ སྤྱི་ལོ་༢༠༠༩ ལས་ ཇོ་མོ་གཙང་ཁ་ལུ་ ནང་སྨན་གྱི་ ཞབས་ཏོག་འགོ་བཙུགས་ཞིནམ་ལས་ཚུར་ ད་ལྟོ་ཚུན་ ཁང་མིག་སྤོ་བཤུད་འབད་དེ་ར་ སྡོད་དགོཔ་ཐོན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ སྨན་ཁང་ག་ཏེ་ཡང་ ནང་སྨན་ཞབས་ཏོག་གི་དོན་ལུ་ ངོས་འཛིན་ཅན་གྱི་ ཁང་ཅིག་མེད་མི་ལུ་བརྟེན་ མ་འོངས་པར་ ནང་སྨན་གྱི་ ཞབས་ཏོག་ལ་སོགས་པའི་ འཆར་གཞི་བརྩམ་ནི་ལུ་ཡང་ གནོད་དོ་ཡོདཔ་ལས་ གནད་དོན་དེ་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ཡང་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
རྒྱལ་ཁབ་ནང་ མ་འོངས་པར་ ནང་སྨན་གྱི་ཞབས་ཏོག་ཚུ་གི་ འཆར་གཞི་བརྩམ་ནི་དང་ ཡར་དྲག་གཏང་ནི་ལུ་ ནང་སྨན་གྱི་དོན་ལས་ ཉུང་ཤོས་ཁང་མིག་༢ དེ་ཅིག་ ངེས་པར་དུ་ དགོཔ་ཡོད་མི་ལུ་བརྟེན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གནང་ཐབས་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ སྨན་པ་པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ མང་ཤོས་ར་ གསེར་ཐིག་དང་ ལའུ་རི་རྒེད་འོག་གི་ མི་ཚུ་གིས་ ནང་སྨན་གྱི་ ཞབས་ཏོག་ཚུ་ ལེན་པར་འོང་ཡོད་རུང་ ཁང་མིག་མེད་པའི་ དཀའ་ངལ་ལུ་བརྟེན་ ཞབས་ཏོག་གཞན་ཚུ་ སྤྲོད་མི་ཚུགས་དོ་ཡོདཔ་ལས་ སྨན་རྐྱངམ་གཅིག་ བྱིན་དོ་ཡོདཔ་མ་ཚད་ ཉེ་འདབས་ཀྱི་ རྒྱ་གར་གྱི་ ས་གནས་ཚུ་ལས་ཡང་ ནང་སྨན་གྱི་ ཞབས་ཏོག་ལེན་པར་ འོང་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བདུན་ཕྲག་༡ ནང་ ནང་སྨན་གྱི་ ཞབས་ཏོག་ལེན་མི་ མི་༢༠ ལྷགཔ་ཅིག་ འོང་དོ་ཡོདཔ་བཞིན་དུ་ མི་རྒན་ཤོས་ཚུ་གིས་ ནང་སྨན་ཞབས་ཏོག་དེ་ གདམ་ཁ་རྐྱབ་དོ་ཡོདཔ་ལས་ མང་ཤོས་ཀྱིས་ རླངས་བདུག་ལ་སོགས་པ་ཚུ་གི་དོན་ལུ་ འོང་དོ་ཡོད་རུང་ ཞབས་ཏོག་དེ་ སྤྲོད་མ་ཚུགས་མི་ལུ་བརྟེན་ ལོག་བཏང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མཐའ་ཟུར་གཡུས་ཚན་གྱི་ མི་མང་ཤོས་ཅིག་གིས་ སྨན་བཅོས་ཞབས་ཏོག་ཚུ་གི་དོན་ལུ་ ཇོ་མོ་གཙང་ཁ་ལུ་ འོང་མི་ཚུགས་དོ་ཡོདཔ་བཞིན་དུ་ མ་དངུལ་མེད་པའི་ དཀའ་ངལ་ལུ་བརྟེན་ ཨ་རྟག་ར་ འགྱོ་མི་ཚུགས་དོ་ཡོད་རུང་ ལོ་༡ ནང་ཚར་རེ་ ནང་སྨན་ཞབས་ཏོག་ཚུ་ སྤྲོད་ནིའི་དོན་ལུ་ གཡུས་སྒོ་ཚུ་ནང་ འགྱོ་དོ་ཟེར་ཨིན་པས།
བསམ་གྲུབ་ལྗོངས་མཁར་རྫོང་ཁག་ གསོ་བའི་འགོ་དཔོན་ པདྨ་ཚེ་དབང་གིས་ སླབ་མིའི་ནང་ ནང་སྨན་ཞབས་ཏོག་ཚུ་གི་དོན་ལུ་ ཁང་མིག་ལོགས་སུ་སྦེ་ རྐྱབ་ནི་དེ་ འཆར་གཞི་༡༢ པའི་ནང་ ཚུད་ཡོདཔ་བཞིན་དུ་ རྩིས་ལོ་༢༠༡༩-༢༠༢༠ འི་ནང་ བསམ་གྲུབ་ཆོས་གླིང་དྲུང་ཁག་ལུ་ རྐྱབ་ནི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཇོ་མོ་གཙང་ཁ་དྲུང་ཁག་གི་དོན་ལུ་ འབད་ཚུགས་པ་ཅིན་ ཤུལ་མའི་རྩིས་ལོ་ནང་ རྐྱབ་ནི་ཟེར་ཨིནམ་བཞིན་དུ་ ཁང་ཚན་༤ འབད་མི་ གསོ་བའི་ལས་བྱེདཔ་ཚུ་གི་ སྡོད་ཁྱིམ་ཡང་ རྐྱབ་ནི་ཨིནམ་ལས་ དཀའ་ངལ་ཚུ་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྨན་པ་པདྨ་དབང་ཕྱུག་གིས་ ནདཔ་ཚུ་གི་ ཕྱི་གཟུགས་དང་ རྩ་ཁམས་ལ་སོགས་པ་ བརྟག་དཔྱད་མཐིལ་ཕྱིན་འབད་དོ་ཡོདཔ་བཞིན་དུ་ ག་དེམ་ཅིག་ དྲག་མ་ཚུགས་པ་ཅིན་ ལུང་ཕྱོགས་སྨན་ཁང་ཚུ་ནང་ བཏང་དོ་ཡོདཔ་ད་ ད་རེས་ ཇོ་མོ་གཙང་ཁའི་ གཞི་རྟེན་སྨན་ཁང་སྡེ་རིམ་དང་པའི་ནང་ རྩ་ཁམས་དང་མཁྲིས་ནད་ པགས་ཀོའི་ནད་གཞི་ལ་སོགས་པའི་ ནང་སྨན་གྱི་ ཞབས་ཏོག་ཚུ་ སྤྲོད་དོ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། ཇོ་མོ་གཙང་ཁ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *