མེ་རག་ལུ་ དྲོད་བཏགས་ཅ་ཆས་དང་ གདན་གྱི་མཐུན་རྐྱེན་ བཙུགས་མི་ལུ་བརྟེན་ ཨ་ལོ་ཚུ་ ཧེ་མ་བཟུམ་སྦེ་ སྟེང་གོ་ཇེ་ཀེཊ་གྱོན་མ་དགོ་པར་ སྡོད་དོ་ཡོད་པའི་མཐོང་སྣང་།

ཁང་མི་དྲོད་བཏགས་ཅ་ཆས་དང་ གདན་གྱི་མཐུན་རྐྱེན་ཚུ་ཐོབ་ཡོདཔ།

༉ བཀྲིས་སྒང་གི་ བྱང་ཕྱོགས་རྒེད་འོག་ མེ་རག་ལུ་ ཨ་ལོ་གཅེས་སྐྱོང་དང་ གོང་འཕེལ་ལྟེ་བ་ཅིག་ལས་བརྒལ་ མེད་མི་དེ་ནང་ དྲོད་བཏགས་ཅ་ཆས་དང་ གདན་གྱི་མཐུན་རྐྱེན་ བཙུགས་མི་ལུ་བརྟེན་ ཨ་ལོ་ཚུ་གིས་ ཧེ་མ་བཟུམ་སྦེ་ སྟེང་གོ་ཇེ་ཀེཊ་དེ་ཅིག་ར་ གྱོན་མི་དགོ་དོ་ཡོདཔ་ཨིན་པས།
མ་གཞི་ མེ་རག་ལུ་ གནམ་བྱཱར་འབད་རུང་ གནམ་གཤིས་གནས་སྟངས་ བསིལ་དྲགས་ཡོད་ནི་དེ་གིས་ ཇེ་ཀེཊ་ཚུ་ གྱོན་དགོཔ་བྱུངམ་ཨིན་རུང་ ད་རེས་ནངས་པར་ ལྟེ་བ་དེ་ནང་ དྲོད་བཏགས་པེ་ནིལ་ཧི་ཊར་༤ བཙུགས་ཡོདཔ་མ་ཚད་ སོ་མ་ར་ཙའི་གདན་ འཐིང་སྟེ་ཡོད་མི་ལུ་བརྟེན་ ཨ་ལོ་ཚུ་ དྲོད་དང་ལྡནམ་སྦེ་ བཞགཔ་ཨིན་པས།
རྒེད་འོག་ནང་ གྱང་བསིལ་གྱི་ གནས་ཚད་ཡར་འཕར་འགྱོ་མི་ལུ་བརྟེན་ ཨ་ལོ་གཅེས་སྐྱོང་ལྟེ་བའི་ སློབ་དཔོན་༢ ཀྱིས་ ཨ་ལོ་ཚུ་གི་ མཐའ་དོན་ལུ་ དྲོད་བཏགས་མཐུན་རྐྱེན་ གཞི་བཙུགས་འབད་དགོ་པའི་སྐོར་ལས་ འདས་པའི་ཟླཝ་༢ ཀྱི་ཧེ་མར་ བཀྲིས་སྒང་རྫོང་ཁག་བདག་སྐྱོང་ལུ་ གྲོས་འཆར་ཕུལ་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ ལྟེ་བའི་ཁང་མིག་ནང་ ཁྱབ་ཚུགས་པའི་ གདན་གྱི་མཐུན་རྐྱེན་ཚུ་ རྒྱབ་སྐྱོར་འབད་ཡོདཔ་བཞིན་དུ་ དྲོད་གཏགས་ཧི་ཊར་དེ་ ཁེ་མིན་ལས་ཚོགས་ ཤ་མ་གཞི་ཚོགས་ཀྱིས་ གྲོགས་རམ་འབད་ཡོདཔ་ཨིན་པས།


ལྟེ་བའི་སློབ་སྟོན་པ་ འཕྲིན་ལས་དབང་མོ་གིས་ སླབ་མིའི་ནང་ མེ་རག་ལུ་ གནམ་གཤིས་བསིལ་དྲགས་ཡོདཔ་ལས་ ཨ་ལོ་ཚུ་ལུ་ ཚ་གྱང་ཡོད་ཟེར་ཨིནམ་ད་ ད་རེས་ ལྟེ་བའི་ནང་ དྲོད་བཏགས་ནི་གི་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མི་ལུ་བརྟེན་ ཨ་ལོ་ཚུ་ གིས་ ཤེས་ཡོན་དེ་ དོན་སྨིན་ཅན་སྦེ་ ལྷབ་སྦྱང་འབད་ནི་ལུ་ ལྷན་ཐབས་འབྱུང་ནི་གི་ རེ་བ་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ཧེ་མ་ ལྟེ་བའི་ནང་ གདན་མ་འཐིང་པའི་སྐབས་ ཨ་ལོ་ཚུ་ རྦོབ་རོལ་ཏེ་ མགུ་ཏོ་ཚུ་ ཨེན་ཏ་གུ་ཕོག་ནི་ཡོདཔ་ལས་ ད་ལས་ཕར་ གདན་འཐིང་མི་དེ་གིས་ ཉེན་སྲུང་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།
རྫོང་ཁག་གིས་ ལྟེ་བའི་ནང་ རྒྱང་མཐོང་ཊི་བི་གི་ མཐུན་རྐྱེན་ཚུ་ཡང་ བགོ་བཀྲམ་འབད་ནི་ལུ་ ཁ་བཟེད་དེ་ཡོདཔ་བཞིན་དུ་ ད་རེས་ཀྱི་ ཟླཝ་ནང་ར་ ལྷོད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ འཕྲིན་ལས་དབང་མོ་གིས་ བཤདཔ་ཨིན་པས།
ལྟེ་བའི་ནང་ ཨ་ལོ་འཛུལ་ཞུགས་ཀྱི་ གྱངས་ཁ་ཡང་ འདས་པའི་ཟླཝ་༢ ལས་ ཡར་སེང་སོང་སྟེ་ཡོདཔ་ད་ སྤྱི་ཟླ་༥ པའི་ནང་འཁོད་ལུ་ ཨ་ལོ་༢༣ གྱིས་ ཐོ་བཀོད་འབད་དེ་ཡོདཔ་བཞིན་དུ་ ད་ལྟོ་ ཨ་ལོ་༢༩ ཡོདཔ་ཨིན་པས།
ཨིན་རུང་ ཨ་ལོ་༡༥ ལས་༡༨ མ་གཏོགས་ གཏན་འཇགས་སྦེ་ འོང་ནི་མེདཔ་ད་ ཨ་ལོའི་ཕམ་ མང་ཤོས་ཅིག་གིས་ ཁོང་རའི་ལ་ནོར་ཚུ་ གནས་སྤོ་འགྱོ་བའི་སྐབས་ ཨ་ལོ་ཚུ་ཡང་ ཁོང་དང་གཅིག་ཁར་ ཚལ་མ་ནང་ ཁྱིད་དོ་ཡོདཔ་ཨིན་པས།
མཁའ་གླིང་ལུ་ཡོད་པའི་ རྩྭ་འབྲོག་ནང་ འཕྲལ་ཁམས་ཅིག་ཁར་ལྷོད་མི་ སངས་རྒྱས་དབང་མོ་གིས་ སླབ་མིའི་ནང་ མོ་ར་དང་ མོ་རའི་རྨགཔ་དེ་ ལ་ནོར་ཚུ་དང་གཅིག་ཁར་ གནས་སྤོ་འོངམ་ད་ ཨ་ལོ་བལྟ་མི་མེད་པར་ ཁོང་རའི་ ཨ་ལོ་སྐྱེས་ལོ་༢ ལང་མི་དེ་ཡང་ ལྟེ་བའི་ནང་ བཙུགས་མ་ཚུགས་ཟེར་ཨིན་པས།
མེ་རག་གི་ མི་སེར་ཚུ་གིས་ རང་སོའི་ནོར་ཚུ་ རྩྭ་འབྲོག་ནང་བཏང་ཐོག་ལས་ ནོར་བྱང་ས་ཚུ་ནང་ ཟླཝ་༧ དེ་རེ་ སྡོད་དོ་ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུའི་གཙོ་རིམ་ལས་འགུལ་ལུ་བརྟེན་ འཐུང་ཆུ་དང་ ཞིང་ཆུའི་དཀའ་ངལ་སེལ་ཐབས་འབད་ནི།

༉ བུམ་ཐང་ ཨུ་ར་རྒེད་འོག་ སྟངས་སི་སྦིས་སྤྱི་འོག་གི་ མི་སེར་ཚུ་ ཟླཝ་༣ གྱི་རྒྱབ་ལས་ ཨ་རྟག་བཟུམ་སྦེ་ ཆུའི་དཀའ་ངལ་མི་འབྱུང་ནི་ཨིན་མི་དེ་ཡང་ ཆུའི་གཙོ་རིམ་ལས་འགུལ་འོག་ གཞུང་དང་བདེ་སྲུང་མཉམ་འབྲེལ་ཐོག་ ཞིང་ཆུ་དང་འཐུང་ཆུའི་ལས་འགུལ་ འགོ་བཙུགས་ནི་དེ་གིས་ཨིན་པས། ཁ་ཙ་ ལས་འགུལ་གྱི་ …

Leave a Reply

Your email address will not be published. Required fields are marked *