ཁང་གླར་སྡོད་མི་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ སྲིད་བྱུས་ཀྱི་ བསྒྱུར་བཅོས་དགོ་ནི།

༉ ཁྱིམ་བཟོའི་སྲིད་བྱུས་ཟིན་བྲིས་༢༠༡༩ ཅན་མ་དང་འཁྲིལཝ་ད་ གཞུང་གིས་ ཁྱིམ་ཁང་གླ་ལེན་ཏེ་ སྡོད་མི་ཚུ་གི་ ཁང་གླ་དེ་ འོང་འབབ་ལས་ བརྒྱ་ཆ་༣༠ ལས་ མ་ལྷགཔ་སྦེ་ བཞག་ཐབས་ལུ་ ཁྱིམ་བཟོ་སྡེ་ཚན་དེ་ དམ་འཛིན་འབད་ནི་ཨིན་པས།
སྲིད་བྱུས་དེ་ནང་ གཞུང་གིས་ འོང་འབབ་ཆུང་བ་དང་ བར་མ་ཚུ་གི་དོན་ལུ་ མི་མང་སྡོད་ཁྱིམ་བྱིན་དགོཔ་སྦེ་ བཀོད་དེ་ཡོདཔ་ད་ ད་རེས་ཀྱི་ གནས་སྟངས་ནང་ མི་བརྒྱ་ཆ་༦༥ དེ་ཅིག་ ཁྲོམ་སྡེ་ནང་ལས་ཕར་ རང་སོའི་འོང་འབབ་ཀྱི་བརྒྱ་ཆ་༣༠ ལས་ལྷག་ ཁང་གླ་སྤྲོད་དེ་ སྡོད་མི་འདུག་ཟེར་བཀོད་ནུག།
འབྲུག་པའི་ཁྱིམ་མང་ཤོས་ར་ ཁང་གླར་སྡོད་མི་ཚུ་གི་ སྟབས་བདེ་སྡུག་དང་འཁྲིལ་མིན་འདུག་ཟེར་ སྲིད་བྱུས་ནང་བཀོད་ནུག།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ཟིན་བྲིས་སྲིད་བྱུས་དང་འཁྲིལཝ་ད་ ཁང་གླ་སྤྲོད་ཚུགས་པའི་ ཁྱིམ་ཡོདཔ་བཟོ་ཐབས་ལུ་ མི་སྡེ་དང་ ཕན་བདེ་དང་འབྲེལ་བའི་ དངུལ་འབྲེལ་སྲིད་བྱུས་ཚུ་ དང་ལེན་འབད་ནི་ཨིནམ་མ་ཚད་ ཁྱིམ་བཟོ་གོང་འཕེལ་དོན་ལུ་ དངུལ་འབྲེལ་དེ་ གནད་འགག་ཅན་ཅིག་ཨིན་པའི་ཁར་ དངུལ་ཁང་ཚུ་ལས་ ཁྱིམ་བཟོའི་སྐྱིན་འགྲུལ་བྱིན་མིའི་ སྐྱེད་མཐོ་དྲགས་མི་དེ་གིས་ ཁང་གླ་མཐོ་སུ་སྦེ་འདུག་ཟེར་ བཀོད་དེ་འདུག།
སྲིད་བྱུས་དེ་ ཆ་འཇོག་འགྲུབ་པ་ཅིན་ གཞུང་གིས་ མི་མང་ཁྱིམ་བཟོ་གོང་འཕེལ་དོན་ལུ་ འཆར་དངུལ་བཟོ་ཚུགས་པའི་ཁར་ མི་ཚུ་གིས་ རང་སྡོད་ནིའི་དོན་ལུ་ ཐོག་ཚད་གཉིས་འབད་མི་ སྡོད་ཁྱིམ་རྐྱབ་ནིའི་ ཐབས་ལམ་ཡང་ བསྒྲིག་ནི་ཨིན་པས།
ཁྲོམ་སྡེའི་མི་རློབས་དེ་ སྤྱི་ལོ་༢༠༠༥ ལུ་ བརྒྱ་ཆ་༣༠.༩ ཡོད་མི་ལས་ སྤྱི་ལོ་༢༠༡༧ ལུ་ བརྒྱ་ཆ་༣༧.༨༣ ཡར་སེང་སོང་ཡོདཔ་ལས་ སྤྱི་ལོ་༢༠༤༧ ལུ་ བརྒྱ་ཆ་༥༦.༨ ལུ་ ཡར་སེང་འགྱོ་ནིའི་ ཚོད་དཔག་འབད་ནུག།
སྲིད་བྱུས་ཟིན་བྲིས་ནང་ ཁྱིམ་བཟོ་གོང་འཕེལ་བཏང་མི་ཚུ་ལུ་ གདོང་ལེན་སྦོམ་ཤོས་ར་ ས་ཆ་ཉོཝ་ད་དང་ བཟོ་སྐྲུན་འབད་བའི་སྐབས་ ཟད་འགྲོ་ལྕི་དྲགས་པའི་ཁར་ ཚོང་འབྲེལ་གྱི་དོན་ལུ་ བཟོ་སྐྲུན་འབད་མི་ ཁྱིམ་ཚུ་གི་ སྐྱིན་འགྲུལ་ཚུ་ ལོག་བཏབ་ནིའི་ནང་ གདོང་ལེན་བྱུང་མི་ཚུ་ཨིནམ་སྦེ་བཀོད་ནུག།
གདོང་ལེན་དེ་ཚུ་གིས་ ཁང་གླ་མཐོ་དྲགས་མི་ལུ་ ལྷན་ཐབས་འབད་ཡོདཔ་བཞིན་དུ་ འབྲུག་མི་མང་ཤོས་ཀྱིས་ ཁྱིམ་འཆང་སྤྱོད་འབད་མ་ཚུགས་པར་ ཁང་གླ་སྤྲོད་ཐོག་ལས་ སྡོད་དགོཔ་བྱུང་སྟེ་འདུག་ཟེར་ཨིན་པས།
སྲིད་བྱུས་ཟིན་བྲིས་བསྐྱར་ཞིབ་འབད་མི་དེ་ ཆ་འཇོག་འབད་བའི་ཤུལ་ལས་ གདོང་ལེན་དེ་ཚུ་ སེལ་ཚུགས་ནི་དང་ མ་འོངས་པའི་ དཀའ་ངལ་ཡང་ སེལ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
སྲིད་བྱུས་ཟིན་བྲིས་ཀྱི་ དམིགས་དོན་ལ་ལོ་ མི་ཚུ་ལུ་ འོས་ལྡན་དང་ཉེན་སྲུང་ཅན་གྱི་ ཁྱིམ་ཐོབ་ཚུགསཔ་བཟོ་སྟེ་ ཁྱིམ་བདག་དབང་གི་ དབང་ཆ་འཐོབ་ཚུགསཔ་བཟོ་ནི་ཚུ་ཨིནམ་ལས་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ གཞུང་དབང་ལས་སྡེ་ཚུ་གིས་ བཅའ་མར་གཏོགས་ནིའི་ རེ་འདོད་ཡོདཔ་ཨིན་པས།
སྲིད་བྱུས་དང་འབྲེལ་བའི་ གདོང་ལེན་ཚུ་ཡང་ གཞུང་གིས་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་དང་ མཉམ་འབྲེལ་ཐོག་ལས་ གཞུང་གི་ ས་ཆ་ངོས་འཛིན་འབད་དེ་ སྡོད་ཁྱིམ་རྐྱབ་ཐོག་ལས་ སེལ་ཐབས་འབད་ནི་ཨིན་པས།
སྲིད་བྱུས་ཟིན་བྲིས་ནང་ སྒེར་སྡེ་གིས་ ཁྱིམ་བཟོ་གོང་འཕེལ་གྱི་དོན་ལུ་ གཞུང་ས་ཚུ་ གླ་ཁར་གཏང་ནིའི་སྐོར་ཡང་ ཚུད་དེ་ཡོདཔ་ད་ བཟོ་སྐྲུན་འབད་བའི་སྐབས་ ཅ་ཆས་སྐྱེལ་འདྲེན་ལ་སོགས་པའི་ ཟད་འགྲོ་ལྕི་དྲགས་མི་ལུ་བརྟེན་ ཁང་གླ་ཡང་ མཐོ་སུ་སྦེ་ གནས་དོ་ཡོད་མི་ལུ་ གཞུང་གིས་ མི་མང་ཁྱིམ་བཟོ་གོང་འཕེལ་གྱི་དོན་ལུ་ ནང་འཁོད་ལས་ཐོན་མི་ ཅ་ཆས་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོཔ་སྦེ་ བཀོད་དེ་འདུག།
དེ་གིས་ ནང་འཁོད་ཀྱི་ དཔལ་འབྱོར་ལུ་ཡང་ ལྷན་ཐབས་འབད་ཚུགས་པའི་ཁར་ སྤྱི་ལོ་༢༠༡༧ ལོའི་ གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ཁྱིམ་གུང་པ་༡༦༣,༠༠༡ ཡོད་མི་ལས་༡༠༢,༦༠༧ དེ་ གྲོང་གསེབ་ནང་ སྡོད་མི་དང་༦༠,༣༩༤ དེ་ ཁྲོམ་སྡེ་ནང་ སྡོད་མི་ཚུ་ཡོདཔ་ཨིན་པས།
དེ་གི་ནང་ལས་ བརྒྱ་ཆ་༣༦ དེ་ཅིག་ལུ་ གྲོང་གསེབ་ནང་ ཁྱིམ་འཆང་སྟེ་ཡོད་པའི་ཁར་ བརྒྱ་ཆ་༧ རྐྱངམ་གཅིག་ལུ་ ཁྲོམ་སྡེ་ནང་ འཆང་སྟེ་ཡོདཔ་ཨིན་པས།
སྲིད་བྱུས་ཐོག་ལས་ བར་འཛུལ་འབད་དགོཔ་ཅིག་ གཞུང་གིས་ ཁྱིམ་བཟོ་སྐྲུན་འབད་མི་ཚུ་གི་ སྒྲིག་གཞི་ཚུ་ལུ་ གཞི་བཞག་ཐོག་ལས་ རང་ལུགས་ཀྱི་ བཟོ་བཀོད་ཐོག་ལས་ རྐྱབ་དགོཔ་སྦེ་ བཟོ་དགོ་པའི་ཁར་ རྒྱལ་ཁབ་ནང་ ཁྱིམ་བཟོ་དང་ སྒྲིག་གཞི་ལྟ་རྟོག་འབད་མི་ ལས་སྡེ་ཅིག་ཡང་ གཞི་བཙུགས་འབད་དགོཔ་སྦེ་བཀོད་ནུག།
གཞུང་གིས་ ཁང་གླ་ཚད་འཛིན་འབད་དེ་ གཅིག་མཚུངས་བཟོ་ནིའི་དོན་ལུ་ ཐབས་ལམ་ཚུ་ སྒྲིག་ནི་སྦེ་ སྲིད་བྱུས་ཟིན་བྲིས་ནང་ བཀོད་དེ་ཡོདཔ་ད་ ཞབས་ཏོག་ལྷན་ཁག་གིས་ སྲིད་བྱུས་དེ་ བསྟར་སྤྱོད་འབད་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *