ཁང་གླ་མར་ཕབ་འབད་ཐབས་ལུ་ ཁྱིམ་བཟོའི་ སྐྱིན་ཚབ་བཏབ་ནིའི་ལོ་ཚད་༣༠ གུ་ཡར་སེང་འབད་ཡོདཔ།

༉ སྤྱི་ཟླ་༩ པའི་ཚེས་༨ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྡོད་ཁྱིམ་དང་ ཚོང་འབྲེལ་གྱི་དོན་ལུ་ བཟོ་སྐྲུན་འབད་མི་ སྒྲིང་ཁྱིམ་ཚུ་གི་ སྐྱིན་ཚབ་བཏབ་ནིའི་ལོ་ཚད་དེ་ ལོ་ངོ་༢༠ ལས་༣༠ གུ་ ཡར་སེང་འབད་ཡོདཔ་ཨིན་པས།

དེ་ཡང་ བཟོ་སྐྲུན་འབད་ཚར་བའི་ཤུལ་ལས་ ལོ་༣ གྱི་རིང་ སྐྱིན་ཚབ་བཏབ་མ་དགོ་པའི་ བཞག་དུས་བྱིན་སྲོལ་ཡོད་མི་དེ་ མ་བརྩིས་བར་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ གསལ་བསྒྲགས་འབད་མི་དང་འཁྲིལཝ་ད་ ལོ་ཚད་ཡར་སེང་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་ཀྱིས་ དཔལ་འབྱོར་ལུ་ ཐོ་ཕོག་པའི་ཁར་ མི་གི་འཕྲོད་བསྟེན་ལུ་ཡང་ གནོད་ཉེན་ཚུ་ བྱུང་ནི་དེ་གིས་ཨིནམ་ད་ ཁང་གླར་སྡོད་མི་ཚུ་ ཟླ་རིམ་གྱི་གླང་གླ་བཏབ་མ་ཚུགས་པའི་ དཀའ་སྡུག་བྱུང་ནི་དེ་གིས་ ཁང་གླ་མར་ཕབ་འབད་ཐབས་ལུ་དམིགས་ཏེ་ ཨིན་ཟེར་བཀོད་ནུག།

ནད་ཡམས་ལུ་བརྟེན་པའི་གནོད་ཉེན་ ཡུན་འགྱངས་འགྱོཝ་ད་ ཁང་གླར་སྡོད་མི་ཚུ་ལུ་ འབྱེམ་ཕོག་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ བཀོད་དེ་འདུག།

སྐྱིན་ཚབ་བཏབ་ནིའི་ ལོ་གྲངས་ཡར་སེང་འབད་མི་དེ་གིས་ ཁང་གླར་སྡོད་མི་ཚུ་ལུ་ ག་དེ་སྦེ་ ཕན་ཐོགས་ནི་ཨིན་ན་ཟེར་བ་ ཅིན་ ལོ་ཚད་ཡར་སེང་འབདཝ་ད་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཟླ་རིམ་བཞིན་དུ་བཏབ་དགོ་པའི་ དངུལ་སྐྱེད་དེ་ མར་འབབ་འགྱོ་ནི་ཨིནམ་ལས་ དེ་གིས་སྦེ་ ཁང་གླ་དེ་ཡང་ མར་ཕབ་འབད་ནིའི་འོས་འབབ་ བཟོ་ཚུགས་ཟེར་ཨིན་པས།

ཨིན་རུང་ ཁང་གླར་སྡོད་མི་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཐབས་ལམ་ ག་བཟུམ་བཏོན་རུང་ ལྟ་རྟོག་འབད་མི་མེད་པ་ཅིན་ ཁྱིམ་གྱི་ཇོ་བདག་ཚུ་གིས་ ཁོང་རའི་ བློ་འདོད་ལྟར་དུ་འབད་ནི་ཨིནམ་ལས་ ཁང་གླར་སྡོད་མི་ཚུ་གིས་ ཁེ་ཕན་འཐོབ་ནི་ལུ་ ངེས་བརྟན་མེདཔ་འོང་ཟེར་ བཤདཔ་ཨིན་པས།

དུས་ཡུན་ཕར་འགྱངས་འབད་མི་དེ་གིས་ དཔེ་འབད་བ་ཅིན་ ཧེ་མ་ལས་ སྐྱིན་འགྲུལ་ལེན་ཏེ་ ལོག་སྐྱིན་ཚབ་བཏབ་ནི་ འགོ་བཙུགས་མི་ཚུ་ཨིན་རུང་ ཧེ་མའི་ལོ་ཚད་གུ་ ད་རུང་ ལོ་༡༠ ཁ་སྐོང་འཐོབ་ནི་ཨིན་རུང་ སྐྱིན་འགྲུལ་ལེན་མི་དང་ འཁྲིལ་དགོ་ནི་ཨིན་པས།

ཚོང་འབྲེལ་གྱི་དོན་ལུ་ སྒྲིང་ཁྱིམ་རྐྱབ་མི་ཚུ་གིས་ ཧེ་མར་ ཁྱིམ་དང་ས་སྦྲགས་ཏེ་ གཏའ་མར་བཙུགས་ཐོག་ལས་ རིན་གོང་ཡོངས་བསྡོམས་ལས་ བརྒྱ་ཆ་༧༠ སྐྱིན་འགྲུལ་ཐོབ་མི་དེ་ ད་ལས་ཕར་ བརྒྱ་ཆ་༨༠ ལུ་ ཡར་སེང་འབད་དེ་ འཐོབ་ནི་ཨིནམ་ད་ ཚོང་འབྲེལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༥༠ དེ་ཅིག་ འཐོབ་ནི་ཨིན་པས།

ཧེ་མར་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༥༠ ལས་ལྷག་སྟེ་ ལེན་མི་ཚུ་གིས་ ཁྱིམ་དང་ས་སྦྲགས་ གཏའ་མར་བཙུགས་མིའི་ རིན་གོང་ལས་ བརྒྱ་ཆ་༦༠ ཐོབ་མི་དེ་ ད་རེས་ བརྒྱ་ཆ་༧༠ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

ཚོང་འབྲེལ་གྱི་དོན་ལུ་ སྐྱིན་འགྲུལ་ལེན་མི་དེ་ཡང་ སྒྲིང་ཁྱིམ་བཟོ་སྐྲུན་འབད་དེ་ བཙོང་ནི་དང་ ཚོང་འབྲེལ་དོན་ལུ་ ལག་ལེན་འཐབ་ནི་ ཡང་ཅིན་ ཁྱིམ་ཉོ་ནི་དང་ ཉམས་བཅོས་འབད་ནི་ དེ་ལས་ ཁེ་སང་བཟོ་ནིའི་དོན་ལས་ བཟོ་མི་ཚུ་ལུ་ གོཝ་ཨིན་པས།

ཁྱིམ་གྱི་སྐྱིན་འགྲུལ་དེ་ རང་གི་དོན་ལུ་ ཁྱིམ་རྐྱབ་ནི་དང་ཉོ་ནི་ དེ་ལས་ ཉམས་བཅོས་འབད་ནི་ཚུ་ཡང་ ཚུདཔ་ཨིནམ་ད་ དེ་ གི་དོན་ལུ་ ཁྱིམ་དང་ས་སྦྲགས་པའི་ རིན་གོང་ལས་ བརྒྱ་ཆ་༩༠ སྐྱིན་འགྲུལ་འཐོབ་ནི་ཨིན་པས།

དངུལ་འབྲེལ་གཙུག་སྡེ་ཚུ་གིས་ ཁྱིམ་གྱི་སྐྱིན་འགྲུལ་ལུ་ དང་འདོད་བསྐྱེད་ཐབས་ལུ་ ཉེན་ཁའི་གནས་ཚད་དེ་ཡང་ ཧེ་མར་ བརྒྱ་ཆ་༡༠༠ ཡོད་མི་དེ་ བརྒྱ་ཆ་༥༠ ལུ་ མར་ཕབ་འབད་ཡོདཔ་ཨིན་པས།

ཨིན་རུང་ ཁྱིམ་གྱི་སྐྱིན་འགྲུལ་དང་ ཚོང་འབྲེལ་ཁྱིམ་གྱི་ སྐྱིན་འགྲུལ་གྱི་ སྐྱེད་བརྒྱ་ཆ་ལུ་ བསྒྱུར་བཅོས་མེདཔ་ད་ ད་ལྟོ་ཚུན་གྱི་ གནས་སྡུད་ནང་ སྐྱིན་འགྲུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡༧༤.༩༢ ལེན་ཡོད་མི་ལས་ ཁྱིམ་བཟོའི་དོན་ལུ་ སྐྱིན་འགྲུལ་ལེན་མི་ བརྒྱ་ཆ་༢༦ ཡོདཔ་ཨིན་པས།

ཐབས་ལམ་དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ སྤྱི་ཟླ་༨ པའི་ཚེས་༢༧ ལུ་ བཀོད་ཚོགས་ཞལ་འཛོམས་ འཚོགས་པའི་སྐབས་ ཁྱིམ་དང་ སྣུམ་འཁོར་ དེ་ལས་ ངོ་རྐྱང་གི་ སྐྱིན་འགྲུལ་ཚུ་ལུ་ བསྐྱར་ཞིབ་འབད་བའི་སྐབས་ ཐག་བཅད་ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *