༉ འཁོར་ལམ་དེ་ དཔལ་འབྱོར་གོང་འཕེལ་གྱི་དོན་ལུ་ གཞི་རྟེན་མཁོ་ཆས་ ཁག་ཆེ་ཏོག་ཏོ་ཅིག་ཨིནམ་ ང་བཅས་ག་ར་གིས་ཤེས།
རྒྱལ་ཁབ་ནང་ འགོ་ཐོག་གཞུང་ལམ་སེལ་མི་ ཌཱན་ཊག་ལས་འགུལ་དེ་ཨིནམ་ལས་ སྤྱིར་བཏང་འབྲུག་མི་ཚུ་གིས་ ལས་འགུལ་ལུ་ བཀྲིན་དགའ་ཚོར་ བསམ་ཐངས་ལུ་ བལྟ་བ་ཅིན་ གུས་ཞབས་ཡོདཔ་ཨིན་རུང་ ལཱ་གི་གྲུབ་འབྲས་བཏོན་ནི་མེདཔ་ད་ སྐྱོན་བརྗོད་འབད་ནི་གི་ འགན་འཁྲི་ཡང་ འབྲུག་མི་ཚུ་ལུ་ཡོདཔ་ཨིན།
དཔེར་ན་ ཆུ་ཁ་དང་ འདམ་ཆུ་གི་ ཕྲང་ལམ་དེ་ མཇུག་བསྡུ་ནིའི་ དུས་ཚོད་ལན་ཐེངས་༤ ཕར་འགྱངས་འབད་བའི་ཤུལ་ལས་ སྤྱི་ལོ་༢༠༡༧ ཟླཝ་༦ པའི་ནང་ མཇུག་བསྡུ་ཚུགས་ཟེར་ ཁས་བླངས་འབད་ཡོད་རུང་ ད་རུང་ཡང་ ལོ་ངོ་༡ ཕར་བཤུད་རྐྱབ་ནུག།
རིང་ཚད་ཀི་ལོ་མི་ཊར་༢༩.༢ འབད་མི་ ཕྲང་ལམ་དེ་ སྤྱི་ལོ་༢༠༡༠ ཟླཝ་༣ པའི་ནང་ འགོ་བཙུགས་མི་དེ་གིས་ དུས་ཅི་འབདཝད་ ལོ་༧ ལང་ཡོདཔ་ད་ གལ་སྲིད་ ཁས་བླངས་དང་འཁྲིལ་ སང་ཕོད་སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་བ་ཅིན་ ལོ་༨ ཀྱི་ནང་འཁོད་ལུ་ མཇུག་བསྡུ་ནི་ཨིན་རུང་ ཟམ་རྐྱབ་དགོཔ་ ཡོད་མི་ཚུ་ལུ་ལྟཝ་ད་ དུས་ཚོད་དེ་ནང་ཡང་ མཇུག་བསྡུ་མི་ཚུགས་ནི་བཟུམ་མཐོངམ་མས།
ད་ཚུན་གྱི་བར་ན་ ཕྲང་ལམ་སེལ་ཚར་མི་ལུ་ བལྟ་བ་ཅིན་ ལོ་རེ་ནང་ ལམ་ཀོ་ལོ་མི་ཊར་༣.༦༥ དེ་གཅིག་ལས་བརྒལ་ སེལ་མི་ཚར་དོ་ཡོདཔ་ད་ དེང་སང་འཕྲུལ་ཆས་དང་ རྡོ་རྫས་ཚུ་ ལག་ལེན་འཐབ་ནི་ཡོདཔ་ལས་ ལམ་ཀི་ལོ་མི་ཊར་༢༩.༩ འབད་མི་དེ་ ལོ་༡ དང་༢ ཀྱི་ནང་ར་ སེལ་ཚར་དགོཔ་ཅིག་ཨིན་མས།
དུས་ཅི་ གནམ་བྱཱར་གྱི་ རྒྱལ་ཡོངས་ཚོགས་སྡེའི་ནང་ བུམ་ཐང་ཤིང་མཁར་དང་ ལྷུན་རྩེ་སྒོར་གཱན་བར་ནིའི་ ཕྲང་ལམ་སེལ་ནིའི་ ལཱ་ཆ་ཤས་ཅིག་ གཞུང་གིས་ ཌཱན་ཊག་ལས་འགུལ་ལུ་ བྱིན་ནི་གི་ འཆར་གཞི་ཡོད་མིའི་སྐོར་ གསུང་གྲོས་གནང་པའི་སྐབས་ འཐུས་མི་ཚུ་གིས་ ལཱ་དེ་ ཌཱན་ཊག་ལུ་ སྤྲོད་པ་ཅིན་ ལཱ་གི་གྲུབ་འབྲས་ལུ་ དོགས་པ་ཡོད་ལུགས་ བཤད་ཡོདཔ་ད་ དེ་བཟུམ་མའི་ དཀའ་ངལ་དེ་ བསམ་གྲུབ་ལྗོངས་མཁར་དང་ བཀྲིས་སྒང་གི་ གཞུང་ལམ་དང་ ཤར་ནུབ་གཞུང་ལམ་རྒྱ་བསྐྱེད་ཀྱི་གྲས་ལས་ བཀྲིས་སྒང་དང་ ཡ་ལྡིའི་བར་ན་ དཀའ་ངལ་ཡོདཔ་ཨིན་མས།
ཌཱན་ཊག་གིས་ ལཱ་གི་གྲུབ་འབྲས་ ལེགས་ཤོམ་བཏོན་མ་ཚུགས་མི་དེ་ འཕྲུལ་ཆས་དང་ སའི་གནས་སྟངས་ལུ་བརྟེན་མེན་པར་ ཁོང་ར་ ང་བཅས་ཀྱི་ རྒྱལ་ཁབ་ནང་ ཡུན་རིངམོ་སྦེ་ སྡོད་ནི་གི་ ཐབས་ཤེས་ལུ་ དོན་ཅན་སྦེ་ར་ ལམ་སེལ་གྱི་ལཱ་ལུ་ ཤུགས་མ་བཏོན་པར་ ལཱ་འབད་བརྫུ་བཏབ་སྟེ་ སྡོད་དོ་བཟུམ་མའི་ མཐོང་སྣང་བྱུངམ་མས།
ཁོང་གིས་ ལཱ་དེ་ཚུ་ དུས་ཚོད་ཁར་ མཇུག་མ་བསྡུ་བར་ ཡུན་འགྱངས་བཞག་མི་དེ་གིས་ ང་བཅས་རའི་ དཔལ་འབྱོར་གོང་འཕེལ་ལུ་ ཐོ་ཕོགཔ་མ་ཚད་ རྒྱལ་ཁབ་དང་ མི་སེར་ལུ་ཡང་ བྱ་སྟབས་མ་བདེཝ་བཟོཝ་ཨིན་མས།
ཁག་འབག་གི་ ལམ་ལུགས་དང་འཁྲིལ་བ་ཅིན་ ལཱ་དེ་ དུས་ཚོད་ཁར་ མཇུག་མ་བསྡུ་བ་ཅིན་ ཉེས་ཆད་ཕོགཔ་མ་ཚད་ ཁག་འབག་ལཱ་ཆ་མེད་གཏང་སྲོལ་ཡོད་རུང་ ཌཱན་ཊག་གི་ཐད་ཁར་ འབྲེལ་ཡོད་དབང་འཛིན་གྱི་ཧོངས་ལས་ ངོས་ལེན་འབད་ནི་མེད་མི་ལུ་ཡང་ ཁོང་གིས་ གོ་སྐབས་ལེནམ་མས་ཟེར་ ཞུ་ནི་ཨིན།
Check Also
འབྲུག་པཱན་ཇབ་དངུལ་ཁང་གི་ ལས་བྱེདཔ་ཅིག་ལུ་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ཕོག་ཡོདཔ།
༉ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ འབྲུག་པཱན་ཇབ་དངུལ་ཁང་གི་ དངུལ་བཏོན་འཕྲུལ་ཆས་ཨེ་ཊི་ཨེམ་གྱི་ ལཱ་འབད་མི་ འཕྲིན་ལས་རྒྱ་མཚོ་གིས་ ཐིམ་ཕུག་ཁྲོམ་ལུ་ཡོད་པའི་ དངུལ་ཁང་གི་ ཨེ་ཊི་ཨེམ་༩ དེ་ཅིག་ལས་ དངུལ་ཀྲམ་ས་ཡ་༡༠ ལྷགཔ་ཅིག་ ཚུལ་མིན་སྒེར་སྤྱོད་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ ལྷགཔ་ཅིག་ …