ཁ་ཤ་སྟེང་དང་ ཕོ་ཇོ་དགོན་པ་གཡུས་ཚན་༢ མི་སྡེ་ཟུར་བཞག་ས་ཁོངས་སྦེ་བཟོ་ཡོདཔ།

༉ བཀྲིས་སྒང་མེ་རག་རྒེད་འོག་ ཁ་ཤ་སྟེང་དང་ བསམ་གྲུབ་ལྗོངས་མཁར་ཇོ་མོ་གཙང་ཁ་དྲུང་ཁག་གི་ས་གནས་ ཕ་ཇོ་དགོན་པ་གཡུས་ཚན་༢ ཀྱི་ མི་སེར་ཚུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཚུ་དང་ འབྲེལ་བ་འཐབ་ཡོདཔ་ལས་ གཡུས་ཚན་དེ་གཉིས་ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ མི་སྡེ་ཟུར་བཞག་ས་ཁོངས་སྦེ་ གསལ་བསྒྲགས་འབད་ནུག། 

ཁ་ཤ་སྟེང་དང་ ཕ་ཇོ་དགོན་པའི་ ཉེ་འདབས་ལུ་ གཡུས་ཚན་གཞན་མེདཔ་ལས་ གཡུས་ཚན་༢ དེ་ གཡུས་ཚན་གཞན་ཚུ་དང་ འབྲེལ་བ་མེད་རུང་ རོལ་སྣང་གཡུས་ཚན་དེ་ ཕ་ཇོ་དགོན་པའི་  སྦོ་ལོགས་ཁར་ཡོདཔ་ལས་ མི་ཚུ་གིས་ གཡུས་ཚན་གཞན་ཚུ་ནང་ འགྲོ་འགྲུལ་ཚད་འཛིན་དང་ བཀག་དམ་འབད་ནིའི་དོན་ལུ་ ལྟ་རྟོག་འབད་མི་ བདེ་སྲུངཔ་༣ བཙུགས་ཏེ་ཡོདཔ་ཨིན་པས།

བདེ་བ་ཐང་ལུ་ཡོད་མི་ ཤར་ཕྱོགས་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ཁ་ཤ་སྟེང་གི་ ཁྱིམ་གུང་པ་༡༣ དང་ ཕ་ཇོ་དགོན་པའི་ ཁྱིམ་གུང་པ་༡༡ གི་ མི་ག་ར་ ཁ་ཤ་སྟེང་ལུ་ མི་༡ ཚེ་ལས་འདས་སར་ འགྱོ་བའི་སྐབས་ ནད་འབུབ་ཐོབ་མི་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་ནུག་ཟེར་ཨིན་པས།

གཡུས་ཚན་གཉིས་ནང་ མི་སྡེ་ནང་ལས་ ཀོ་བིཌ་-༡༩ ཁྱབ་སྤེལ་སོང་ཡོདཔ་ལས་ ས་གནས་དེ་གི་ མི་སེར་ག་ར་ ནད་འབུབ་ཐོབ་མི་ཚུ་དང་ ཐད་ཀར་འབྲེལ་བ་འཐབ་ཡོདཔ་ལས་ མི་སྡེ་ནང་ ནད་འབུབ་ཁྱབ་སྤེལ་སྔོན་འགོག་གི་ ཐབས་ལམ་བཟུམ་ཅིག་སྦེ་ མི་སྡེ་ཟུར་བཞག་ས་ཁོངས་སྦེ་ གསལ་བསྒྲགས་འབད་ནུག།

ལས་བྱེད་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དེ་བཟུམ་སྦེ་ མི་སྡེ་ཟུར་བཞག་བཟོ་དགོ་མི་དེ་ཡང་ ས་གནས་ནང་ ངོས་འཛིན་ཅན་གྱི་ མཐུན་རྐྱེན་ཟུར་བཞག་ལྟེ་བ་མེད་པའི་ཁར་ ཐད་ཀར་དང་ ཐད་ཀར་མེན་པའི་ཐོག་ལས་ འབྲེལ་བ་འཐབ་མི་ཚུ་འབད་རུང་ ཁོང་རའི་ཁྱིམ་ནང་ དཀའ་སྡུག་ག་ནི་ཡང་མེད་པར་ སྡོད་ཚུགས་ཐབས་ལུ་ ཨིན་ཟེར་ཨིན་པས།

མི་སྡེ་ཟུར་བཞག་གི་ ལམ་སྟོན་དང་འཁྲིལཝ་ད་ མི་སྡེ་ཟུར་བཞག་ས་ཁོངས་ཚུ་ བཅད་མཚམས་བཀལ་ཐོག་ འཛུལ་སྒོ་༡ དང་གཅིག་ཁར་ སྒོ་སྲུང་འབད་དགོཔ་བཞིན་དུ་ བདེ་སྲུངཔ་༢ དེ་ཅིག་གིས་ ལྟ་རྟོག་འབད་ནི་དང་ མི་སྡེ་ཁས་བླངས་པ་ ཉུང་ཤོས་༣ གྱིས་ གསོ་བ་དང་ལྟ་རྟོག་སྡེ་ཚན་ ཚོགས་པ་ཚུ་གི་ ལམ་སྟོན་ཐོག་ རྒྱབ་སྐྱོང་འབད་དགོཔ་ཨིན་པས།

ལམ་སྟོན་ནང་ ལྟ་རྟོག་སྡེ་ཚན་གྱིས་ དུས་ཡུན་༢༤ འི་རིང་ ལྟ་རྟོག་འབད་དགོཔ་དང་ རྒེད་འོག་གི་ གསོ་བའི་ལས་རོགསཔ་ཚུ་གིས་ དཔེ་ཚད་བསྡུ་ལེན་འབད་ནི་ དེ་ལས་ དུས་དང་དུས་སུ་ བརྟག་དཔྱད་འབད་ནི་དང་ མི་སྡེ་ཟུར་བཞག་ས་ཁོངས་ནང་ ཁག་ཆེ་བའི་ ཉེན་སྲུང་དང་ སྔོན་འགོག་གི་ ཐབས་ལམ་ཚུ་ གཞི་བཙུགས་འབད་དགོ་ཟེར་བཀོད་ནུག།

དེ་ལས་ གསོ་བའི་ལས་རོགསཔ་ཚུ་གིས་ ཉེན་སྲུང་སྒྲིག་གཞི་ཚུ་གི་ཐད་ཁར་ ལྟ་རྟོག་སྡེ་ཚན་ལུ་ ལམ་སྟོན་འབད་དགོཔ་དང་ མི་སྡེ་ཟུར་བཞག་ས་ཁོངས་ཚུ་ནང་སྡོད་མི་ ཁྱིམ་གུང་པ་ཚུ་ལུ་ ཉེན་སྲུང་གི་ ཅ་ཆས་ཚུ་དང་སྦྲགས་ གསོ་བའི་ཞབས་ཏོག་ཚུ་ཡང་ སྤྲོད་དགོཔ་ཨིན་པས།

ལམ་སྟོན་དང་འཁྲིལཝ་ད་ མི་སྡེ་ཟུར་བཞག་ས་ཁོངས་ཚུ་ནང་ལས་ ཀོ་བིཌ་-༡༩ ཐོབ་མི་རེ་ འཐོན་པ་ཅིན་ གསོ་བའི་ལས་རོགསཔ་ཚུ་གིས་ ས་གནས་དང་ ལུང་ཕྱོགས་ལས་བྱེད་ཚོགས་ཆུང་ཚུ་དང་ གྲོས་བསྟུན་འབད་ཐོག་ ནདཔ་ཚུ་འབག་འོང་ནིའི་ ཐབས་ལམ་སྒྲིག་དགོཔ་བཞིན་དུ་ ས་གནས་ལས་བྱེད་ཚོགས་ཆུང་ཚུ་གིས་ ནདཔ་ཚུ་གི་ རྐྱང་གནས་མཐུན་རྐྱེན་ཐད་ཀར་ གསོ་བའི་གྲོས་སྟོན་པ་དང་ ལུང་ཕྱོགས་ལས་བྱེད་ཚོགས་ཆུང་ཚུ་དང་ འབྲེལ་འཐབ་དགོཔ་ཨིན་པས།

མི་སྡེ་དེ་ གསོ་བའི་དབང་འཛིན་ཚུ་གིས་ ངོ་སྦྱོར་མ་འབདཝ་ཚུན་ དེ་ནང་གི་ མི་ཚུ་གིས་ ཧེ་མ་ག་ཨིནམ་སྦེ་ སྡོད་མི་ཆོག་ནི་ཨིན་རུང་ ལྟ་རྟོག་དམ་དམ་ཐོག་ མི་སྡེ་ནང་འཁོད་ལུ་ མི་ཚུ་གིས་ ཁོང་རའི་ཁྱིམ་ནང་ ཨ་རྟག་གི་ལཱ་ཚུ་ འབད་ཆོག་ཟེར་ ལམ་སྟོན་ནང་བཀོད་ནུག།

ད་རུང་ རྫོང་ཁག་དང་ དྲུང་ཁག་ལས་བྱེད་ཚོགས་ཆུང་གི་ གསོ་བ་དང་ ཐབས་སྒྲིག་སྡེ་ཚན་ཚུ་གིས་ ཉེན་སྲུང་ཐབས་ལམ་ཚུ་དང་འཁྲིལ་ ཚུལ་མཐུན་སྦེ་ ནདཔ་ཚུ་འབག་ནིའི་ནང་ འགོ་ཁྲིད་འབད་དགོཔ་བཞིན་དུ་ ལྟ་རྟོག་དང་ ཐབས་སྒྲིག་སྡེ་ཚན་ཚུ་གི་ འགོ་འདྲེན་ཐོག་ མི་སྡེ་ཟུར་བཞག་ནང་ སྡོད་མི་ཚུ་གིས་ འབྲེལ་བ་འཐབ་ནི་དང་ མཉམ་འབྲེལ་འབད་ནིའི་དོན་ལུ་ མི་སྡེ་བརྡ་བརྒྱུད་ ཝི་ཅཱཌ་དང་ ཝཱཌསི་ཨབ་ཚུ་ནང་ སྡེ་ཚན་བཟོ་དགོཔ་ཨིན་པས།

མི་སྡེ་ཟུར་བཞག་གི་ ལམ་སྟོན་ནང་ མི་སྡེ་ཟུར་བཞག་ནང་ སྡོད་མི་ཚུ་གིས་ མཁོ་ཆེ་བའི་ ཅ་ཆས་ཚུ་ མི་སྡེ་བརྡ་བརྒྱུད་ཀྱི་ སྡེ་ཚན་ནང་ མཁོ་མངགས་འབད་དགོཔ་བཞིན་དུ་ ཐབས་སྒྲིག་སྡེ་ཚན་གྱིས་ ཅ་ཆས་ཚུ་ འཛུལ་སྒོ་ཚུན་ སྐྱེལ་སྤྲོད་འབད་ནི་ལུ་ ལྷན་ཐབས་འབད་དགོཔ་ད་ ཏི་རུ་སྤྲོད་ནིའི་ཐད་ཁར་ ཡོངས་འབྲེལ་ཐོག་དང་ ཡང་ཅིན་ ཤུལ་མ་སྤྲོད་ནི་སྦེ་ བཞག་དགོ་ཟེར་བཀོད་ནུག།

སྤྱི་ཟླ་༥ པའི་ཚེས་༢༡ ལས་ ཁ་ཙ་ཚུན་ ཁ་ཤ་སྟེང་ལས་ མི་༩ དང་ ཕ་ཇོ་དགོན་པ་ལས་ མི་༦ འབདཝ་ད་ བསྡོམས་ཀྱིས་མི་༡༥ ལུ་ ཀོ་བིཌ་-༡༩ ཐོབ་ཡོདཔ་བཞིན་དུ་ ཇོ་མོ་གཙང་ཁ་ལུ་འབད་བ་ཅིན་ ཁ་ཤ་སྟེང་གི་ མི་༩ བརྩིས་ཏེ་ མི་གྲངས་༢༨ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *