ཁ་ཟ་ལེགས་ཕུག་གཡུས་ཚན་གྱི་ ནད་འབུབ་ཐོབ་མི་ ཚལ་ལུ་ཤིང་ཚུ།

ཁ་ཟ་ལེགས་ཕུག་སྤྱི་འོག་ནང་ ཚལ་ལུ་ཤིང་ཤི་མི་དང་ དོག་མ་འབུད་མི་ལུ་ མི་སེར་ཚུ་ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ གཡང་གཉེར་རྒེད་འོག་ ཁ་ཟ་ལེགས་ཕུག་ སྤྱི་འོག་གི་མི་སེར་ཚུ་ དངུལ་ཐོག་ཚལ་ལུ་ཤིང་ཤི་མི་དང་ དོག་མ་བཏགས་མི་ཚུ་ ས་ཁར་བུད་འགྱོ་དོ་ཡོད་མི་ལུ་ ཚ་གྱང་ལང་སྟེ་འདུག།
དེ་ཡང་ འདས་པའི་ལོ་དག་པ་ཅིག་ལས་ ཚལ་ལུ་ཤིང་ དོག་མ་བཏགས་ཏེ་ ཧ་ལམ་སྦོམ་ཆུང་ རན་ཏོག་ཏོ་འགྱོཝ་ཅིག་ ས་ཁར་འབུད་འགྱོ་དོ་ཡོད་མི་ལུ་བརྟེན་ཨིན་པས།
སྐྱེས་ལོ་༦༦ ལང་མི་ ཨྱོན་དབང་འདུས་ཀྱིས་ སླབ་མིའི་ནང་ མི་སེར་ཚུ་ དངུལ་ཐོག་ལུ་བརྟེན་ འོང་འབབ་ལེགས་ཤོམ་བཟོ་ཚུགས་ཡོདཔ་ཨིན་རུང་ འདི་བཟུམ་གྱི་ རང་བཞིན་གྱི་ རྐྱེན་ངན་བྱུང་ཡི་ཟེར་ཨིན་པས།
འདས་པའི་ལོ་བཅུ་ཕྲག་གི་ཧེ་མར་ དངུལ་ཐོག་ཚལ་ལུ་ལུ་བརྟེན་ ཁྱིམ་བཟོ་སྐྲུན་འབད་ནི་དང་ ཨ་ལོ་སློབ་གྲྭ་ནང་གཏང་ནིའི་ ཟད་འགྲོ་ཚུ་ལུ་ ལྷན་ཐབས་འབད་ཡོད་རུང་ ད་རེས་ནངས་པར་ མི་སེར་ཚུ་ སྐྱིན་འགྲུལ་ལེན་ཏེ་ ཨ་ལོའི་ཟད་འགྲོ་བཏང་དོ་ཟེར་ ཁོ་གིས་བཤདཔ་ཨིན་པས།
གཡུས་མི་བཀྲིས་ཀྱིས་ ཧེ་མ་འབད་བ་ཅིན་ ཚལ་ལུ་ཚོང་འབྲེལ་འཐབ་སྟེ་ ཁྱིམ་གུང་རེ་གིས་ ཉུང་ཤོས་དངུལ་ཀྲམ་༤༠,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༢༠༠,༠༠༠ དེ་རེ་ བཟོ་ཚུགས་ཟེར་ཨིན་རུང་ ད་རེས་ནངས་པར་ དཀའ་ངལ་བྱུང་མི་ལུ་བརྟེན་ བཟོ་སྐྲུན་དང་འབྲེལ་བའི་ལཱ་དང་ ཉ་ཁག་ཅུང་ཚུ་ ཚོང་འབྲེལ་འཐབ་སྟེ་ འཚོ་བ་སྐྱོང་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ ཚལ་ལུ་ཤིང་དེ་ སྤྱི་ཏོག་གུ་ལས་ ཚོས་གཞི་དཀརཔོ་ཐལ་ཏེ་ ཤིཝ་མས་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་བ་ཅིན་ འདི་བཟུམ་གྱི་གདོང་ལེན་དེ་ གནམ་གཤིས་གནས་སྟངས་ འགྱུར་བགྲོད་ལུ་བརྟེན་ཨིན་པའི་ དོགས་པ་ཡོད་ཟེར་ཨིནམ་ད་ ཧེ་མ་སྐྱེས་མིའི་ཚལ་ལུ་ཤིང་ཚུ་ ད་རེས་ནངས་པར་ སྐྱེས་མི་བཏུབ་པས་ཟེར་ཨིན་པས།
ཨ་ལོ་༥ གི་ཨའི་ ཀརྨ་དབྱངས་འཛོམས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འདས་པའི་ ལོ་༣ ལས་ཚུར་ ཚལ་ལུའི་དོག་མ་འབུད་ནི་ འགོ་བཙུགས་ཡོདཔ་ལས་ ཚལ་ལུ་ཤིང་གུ་ལུ་ ནད་འབུབ་ཟུན་ཡོདཔ་ཨིན་ན་ ཧ་མི་གོ་བས་ཟེར་ཨིན་པས།
སྤྱིར་བཏང་ ཚལ་ལུའི་ཐོན་སྐྱེད་དེ་ར་ ལེགས་ཤོམ་ཡོད་པ་ཅིན་ བཙོང་མ་ཚུགས་པའི་ དཀའ་ངལ་མེད་ཟེར་ཨིན་རུང་ དོག་མ་ཚུ་ མམ་འཚོཔ་ལས་ ས་ཁར་འབུད་འགྱོ་དོ་ཡོདཔ་ལས་ རྩི་ཤིང་མཁས་མཆོག་ཚུ་གིས་ དབྱེ་ཞིབ་དང་ བརྟག་དཔྱད་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ཨིན་པས།
སོ་ནམ་པ་ དོ་མང་ཚེ་རིང་གིས་ སླབ་མིའི་ནང་ ཚལ་ལུ་ས་ཁར་འབུད་འགྱོ་དོ་ཡོད་མི་ལུ་ ང་བཅས་མི་སེར་ཚུ་གིས་ ཐབས་ཤེས་སྣ་ཚོགས་བཏོན་ཏེ་འབད་རུང་ དཀའ་ངལ་དེ་སེལ་མ་ཚུགས་ཟེར་ཨིན་པས།
རང་ཟླ་༧ པ་ལས་ ཚལ་ལུ་གི་དོག་མ་ཚུ་ ས་ཁར་འབུད་ནི་འགོ་བཙུགསཔ་མས་ཟེར་ཨིནམ་ད་ ཁོང་གིས་ ཧེ་མ་འདི་བཟུམ་གྱི་ རང་བཞིན་གྱི་རྐྱེན་ངན་བྱུང་ས་ མ་མཐོང་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལས་ ས་གནས་ནང་ ཚལ་ལུ་ལྡུམ་ར་སེལ་བ་འོང་མི་ གྲུབ་ཐོབ་དབང་འདུས་ཀྱིས་ སླབ་མིའི་ནང་ ས་ཆ་ཨེ་ཀར་༡ ལྷགཔ་ཅིག་ནང་ ཚལ་ལུ་ཤིང་འཛུགས་སྐྱོང་འབད་མི་དེ་ དོག་མ་ག་ར་ ས་ཁར་འབུད་སོཔ་ལས་ ལཱ་རྩ་འགེངས་འབད་མི་དེ་ འཕྲོ་བརླགས་སོང་ཡི་ཟེར་ཨིན་པས།
ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཚལ་ལུ་ཤིང་གི་དོན་ལུ་ ལཱ་འབད་བའི་ཤུལ་ལུ་ ན་འཐན་ར་ དོག་མ་བཏགསཔ་ད་ འདི་བཟུམ་གྱི་ དཀའ་ངལ་འབྱུང་མི་ལུ་ སེམས་ཕམ་སྦོམ་ར་བྱུང་མས་ཟེར་ ཁོ་གིས་བཤདཔ་ཨིན་པས།
ས་གནས་ཀྱིས་ མི་ཅིག་གིས་ ད་ལྟོ་ས་གནས་ནང་ སྣུམ་འཁོར་བོ་ལི་རོ་༦ ལྷགཔ་ཅི་ཡོད་མི་ཚུ་ག་ར་ ཧེ་མ་ ཚལ་ལུ་གི་ ཚོང་འབྲེལ་ལུ་བརྟེན་ ཉོ་ཉོཝ་ཨིན་ཟེར་བཤད་པའི་ཁར་ གཡུས་མི་ལ་ལོ་ཅིག་གིས་ རང་སོའི་ཁྱིམ་ཡང་ ཉམས་བཅོས་འབད་ཡི་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གིས་ ཚལ་ལུ་ཚོང་འབྲེལ་ལུ་བརྟེན་ འཚོ་བ་སྐྱོང་མི་ སྤྱི་འོག་༣ དེ་ཅིག་ཡོད་ཟེར་ཨིནམ་ད་ འདི་ལཚུ་གི་གྲས་ལས་ ཚལ་ལུ་ཤིང་མང་ཤོས་ར་ ཁ་ཟ་ལེགས་ཕུག་སྤྱི་འོག་ནང་ འཛུགས་སྐྱོད་འབད་དེ་ཡོད་ཟེར་ཨིན་པས།
གུང་པ་༡༠༥ དེ་ཅིག་གིས་ ཚལ་ལུ་ཤིང་གི་ ལཱ་འབདཝ་ཨིན་ཟེར་ ཚོགས་པ་དབང་ཕྱུག་གིས་ བཤད་པའིཁར་ ད་རེས་ནངས་པར་ ཚལ་ལུ་ཤིང་ཤི་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་མ་ཤེས་རུང་ ཚལ་ལུ་ཤིང་གི་ཚབ་ལུ་ གུ་ལི་ཤིང་ཚུ་ བཀྲམ་སྤེལ་འབད་དོ་ཟེར་ཨིན་པས།
རྫོང་ཁག་དང་ རྒེད་འོག་བདག་སྐྱོང་གིས་ ཚལ་ལུ་ཤིང་གི་ཚབ་ལུ་ གུ་ལི་ཤིང་གི་ལྕངམ་ཚུ་ བཀྲམ་སྤེལ་འབད་བའི་ཁར་ སོ་ནམ་ཐོན་སྐྱེད་གཞན་འབད་ནིའི་ ཐབས་ལམ་ཚུ་ཡང་ བཏོན་པའི་བསྒང་ར་ཡོད་ཟེར་ དམངས་མི་ ཚེ་དབང་རྒྱལ་མཚན་གྱིས་ བཤད་ཡོད་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ། གཡང་གཉེར།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *