བསམ་གྲུབ་ལྗོངས་མཁར་ཁྲོམ་གྱི་ མཐོང་སྣང་།

ཁ་ཙ་ ཉིན་མའི་ཆུ་ཚོད་༡༢ ལས་ བསམ་གྲུབ་ལྗོངས་མཁར་ལུ་ འགྲོ་འགྲུལ་ བཀག་དམ་ འགོ་བཙུགས་ཡོདཔ།

༉ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ རྫོང་ཁག་གི་ ས་གནས་ཁག་ཚུ་ནང་ ཐོགས་ལུས་མི་ཚུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ལག་ལེན་མ་འཐབ་པའི་ཧེ་མར་ ལོག་ལྷོད་བཅུག་ནིའི་དོན་ལུ་ ཉིན་མའི་ཆུ་ཚོད་༡༢ ལས་ འགྲོ་འགྲུལ་བཀག་དམ་ འགོ་བཙུགས་ཡི།

འགྲོ་འགྲུལ་བཀག་དམ་སྐབས་ སློབ་གྲྭ་དང་ ཡིག་ཚང་ གཙུག་སྡེ་ དེ་ལས་ ཚོང་ཁང་ཚུ་ སྒོ་བསྡམ་བཞག་ནི་ཨིནམ་ད་ ཕྱི་ཁར་འགྱོ་མ་ཆོག་མི་ ཟུར་བཞག་སྦེ་ སྡོད་སའི་ས་ཁོངས་ གྲྭ་ཚང་དང་ ཁྲིམས་སྲུང་འགག་སྡེའི་ སྡོད་ཁྱིམ་ས་ཁོངས་ སློབ་གྲྭ་དང་ རྒྱལ་གཞུང་བསྟན་སྲུང་དམག་སྡེའི་ སྡོད་ཁྱིམ་ས་ཁོངས་ ལས་འགུལ་ཌཱན་ཊག་དང་ ཨིམ་ཊཱཊ་གི་ ས་ཁོངས་ཚུ་ནང་ མཁོ་ཆེ་བའི་ཅ་ཆས་ཚུ་ སྐྱེལ་སྤྲོད་འབད་ནི་ཨིན་པས།

དེ་བཟུམ་སྦེ་ བཟོ་སྐྲུན་ས་ཁོངས་ཚུ་ནང་ ལཱ་འབད་མི་ཚུ་གིས་ ས་ཁོངས་ནང་ ཟུར་བཞག་ཐོག་ལས་ ལཱ་འཕྲོ་མཐུད་འབད་ཆོག་ནི་ཨིནམ་བཞིན་དུ་ ཀོ་བིཌ་-༡༩ འི་ ཁྱད་ལྡན་ལག་ལེན་བྱ་སྒོ་དང་འཁྲིལ་ ནང་འདྲེན་དང་ ཕྱིར་ཚོང་ཚུ་ འཐབ་ཆོག་ནི་ཨིན་པའི་ གསལ་བསྒྲགས་འབད་ཡི།

ལས་བྱེད་ཚོགས་ཆུང་གི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་དང་ ངོས་འཛིན་འབད་མི་ ཚོང་ཁང་ཚུ་གིས་ འགྲོ་འགྲུལ་བཀག་དམ་མ་འབད་བའི་ཧེ་མར་ བཟའ་འཐུང་ལ་སོགས་པའི་ ཅ་ཆས་ཚུ་ གསོག་འཇོག་འབད་ཡོདཔ་མ་ཚད་ མི་ཚུ་གིས་ བདུན་ཕྲག་༡ དེ་ཅིག་ལང་པའི་ མཁོ་ཆས་ཚུ་ ཉོ་དགོ་པའི་ བརྡ་དོན་ཚུ་ སྤྲོད་ཅི་ཟེར་ཨིན་པས།

ད་རིས་ལས་ ས་ཁོངས་བཅད་མཚམས་ཚུ་ནང་ དུས་ཚོད་དང་འཁྲིལ་ འགྲོ་འགྲུལ་འཐབ་བཅུག་ནི་ཨིནམ་ད་ ཁྲོམ་སྡེ་དེ་ ཁྲོམ་དང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ས་ཁོངས་ སྣུམ་འཁོར་བཅོ་ཁང་དང་ རྫོང་གི་ས་ཁོངས་ ཏིན་ཀི་ལོ་ས་ཁོངས་དང་ བདེ་བ་ཐང་ཁྲོམ་བརྩིས་ཏེ་ ས་ཁོངས་བཅད་མཚམས་༥ ལུ་ དབྱེ་ཡོདཔ་ད་ དེ་ཚུ་ནང་ ཁྱིམ་གུང་པ་༡,༥༢༠ ལྷགཔ་ཅིག་ ཡོདཔ་ཨིན་པས།

ས་ཁོངས་བཅད་མཚམས་ག་རའི་ནང་ ཤོག་བྱང་འཆང་མི་རེ་གིས་ དྲོ་པའི་ཆུ་ཚོད་༨ ལས་༡༡ དང་༡༢ ལས་༣ དེ་ལས་ ཆུ་ཚོད་༤ ལས་༧ ཚུན་འབདཝ་ད་ ཉིནམ་༡ ནང་ དུས་ཡུན་ཆུ་ཚོད་༣ དང་ འགྲུལ་སྐྱོད་ཚར་༣ རེ་ འབད་ཚུགས་ནི་ཨིནམ་བཞིན་དུ་ བདེ་བ་ཐང་ལུ་འབད་བ་ཅིན་ ཉིནམ་༡ ནང་ འགྲུལ་སྐྱོད་ཚར་༢ དང་ དུས་ཡུན་ཆུ་ཚོད་༥ རེ་ འཐོབ་ནི་ཨིན་པས།

རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ ཁྲོམ་ངོ་མའི་ནང་ ཚོང་ཁང་༡༥ སྣུམ་འཁོར་བཅོ་ཁང་དང་ རྫོང་གི་ས་ཁོངས་དང་ རྒྱལ་ཡོངས་དགོངས་ཞུའི་ཟུར་ཕོགས་དང་ འཚོ་རྟེན་མ་དངུལ་ས་ཁོངས་༢ ནང་ ཚོང་ཁང་༦ རེ་ དེ་ལས་ ཏིན་ཀི་ལོ་ལུ་ ཚོང་༢ ངོས་འཛིན་འབད་ཡོད་པའི་ཁར་ ཁྲོམ་ངོ་མའི་ནང་ ཚོད་བསྲེ་ཚོང་ཁང་༢ ཡོདཔ་བཞིན་དུ་ བཅད་མཚམས་གཞན་ཚུ་ནང་ཡང་ ཚོད་བསྲེ་ཚོང་ཁང་༢ རེ་ ཡོད་མི་ཚུ་གིས་ ས་ཁོངས་ཚུ་ནང་ བཀྲམ་སྤེལ་འབད་བར་ འགྱོ་ནི་ཨིན་པས།

ཁྲོམ་ངོ་མ་དང་ བདེ་བ་ཐང་ཁྲོམ་ནང་ ཉིནམ་༡ ནང་ ཚོང་ཁང་༥ རེ་དང་ བཅད་མཚམས་གཞན་ཚུ་ནང་ཡང་ ཚོང་ཁང་ཚུ་ བསྐོར་རྒྱབ་ཐོག་ སྒོ་ཕྱེ་ནི་ཨིནམ་ད་ ཏིན་ཀི་ལོ་ས་ཁོངས་ཀྱི་ ཚོང་ཁང་༢ དང་ བདེ་བ་ཐང་ འབངས་མཚོ་དང་ བསམ་གྲུབ་དགའ་ཚལ་ཚུ་ནང་གི་ ཚོང་ཁང་ཚུ་ བདུན་ཕྲག་༡ ཅིག་གི་རིང་ སྒོ་ཕྱེ་འོང་ཟེར་ཨིན་པས།

དེ་ལས་ མི་ཚུ་གིས་ ཁོང་རའི་ བཅད་མཚམས་ཚུ་ནང་ འགྲུལ་སྐྱོད་དུས་ཚོད་དང་འཁྲིལ་ ཉོ་ཚོང་རྐྱབ་པར་ འགྱོ་ཆོག་ནི་ཨིན་རུང་ ཀོ་བིཌ་-༡༩ སྔོན་འགོག་གི་ ཐབས་ལམ་དང་ གསོ་བའི་ལམ་སྟོན་ཚུ་ འཁྲིལ་དགོཔ་མ་ཚད་ བདེ་སྲུངཔ་ཚུ་གིས་ཡང་ བཅད་མཚམས་ཚུ་ནང་ ལྟ་རྟོག་ཚུ་འབད་ནི་ཨིནམ་ད་ སྣུམ་འཁོར་བཅོ་ཁང་ཚུ་ཡང་ སྒོ་ཕྱེ་ནི་ཨིན་རུང་ ལས་མི་ཚུ་ བཅོ་ཁང་ནང་ར་ སྡོད་དགོ་ནི་ཨིན་པས།

དེ་བཟུམ་སྦེ་ པདྨ་དགའ་ཚལ་ལུ་ འགྲོ་འགྲུལ་བཀག་དམ་དེ་ ཁ་ཙ་ དྲོ་པའི་ཆུ་ཚོད་༡༠ ལས་ ས་ཁོངས་བཅད་མཚམས་དང་འཁྲིལ་ འགོ་བཙུགས་ཡོདཔ་ད་ ཁྱིམ་གུང་པ་༡ ལས་མི་༡ འགྲུལ་སྐྱོད་ཤོག་འཛིན་ལག་ལེན་ཐོག་ དྲོ་པའི་ཆུ་ཚོད་༩ ལས་༡༢ དང་ ཉིན་མའི་ཆུ་ཚོད་༢ ལས་༥ ཚུན་ བཅད་མཚམས་ཚུ་ནང་ མཁོ་ཆེའི་ཅ་ཆས་ཚུ་ ཉོ་ཚོང་རྐྱབ་པར་ འགྱོ་ཆོག་ནི་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ ཁྲོམ་གྱི་ས་ཁོངས་བཅད་མཚམས་ནང་ ཚོང་ཁང་ཚུ་ བསྐོར་རྒྱབ་ཐོག་ སྒོ་ཕྱེ་ནི་ཨིནམ་བཞིན་དུ་ རྡོ་དཀར་ཕྱིར་བཏོན་དང་སྐྱེལ་འདྲེན་ རྩི་ས་ རྡོ་ ཚལ་ལུ་ ས་སྒ་དང་ ཚོད་བསྲེའི་རིགས་ལ་སོགས་པ་ཚུ་ ཕྱིར་ཚོང་འཐབ་ཆོག་ནི་ཨིནམ་མ་ཚད་ སོ་ནམ་དང་ སྒོ་ནོར་གྱི་ལཱ་ཚུ་ རྒེད་འོག་བདག་སྐྱོང་ཚུ་གིས་ ལྟ་རྟོག་དམ་དམ་ཐོག་ འབད་བཅུག་ནི་ཨིན་རུང་ བཟོ་སྐྲུན་གྱི་ལཱ་འབད་བའི་བསྒང་ཡོད་མི་ཚུ་ དུས་ཡུན་ཆུ་ཚོད་༧༢ ཀྱི་ ཤུལ་ལས་རྐྱངམ་གཅིག་ འབད་ཆོག་ནི་ཨིན་པས།

ད་ལྟོ་ སྒོ་ཕྱེས་ཡོད་མི་ ནང་སྡོད་སློབ་གྲྭ་ཚུ་གི་ སློབ་དཔོན་ཚུ་ ཨེན་ཊི་ཇཱན་བརྟག་དཔྱད་འབད་ཐོག་ སློབ་གྲྭའི་ས་ཁོངས་ནང་ སྡོད་བཅུག་ཞིནམ་ལས་ སློབ་སྟོན་འབད་བཅུག་ནི་ཨིན་རུང་ ནང་སྡོད་མེན་པའི་ སློབ་ཕྲུག་ཚུ་ སློབ་གྲྭ་ནང་ འགྱོ་མི་ཆོག་ནི་ཨིནམ་ལས་ ཡོངས་འབྲེལ་ཐོག་ སློབ་སྟོན་འབད་ནི་ཨིན་པས།

དེ་བཟུམ་སྦེ་ བཀག་དམ་སྐབས་ ཆོས་ཕྱོགས་ཀྱི་ལས་རིམ་ ཚེས་བཅུ་དང་རིམ་གྲོ་ སྒྲུབ་ཆེན་ མི་མང་སྤུངས་འཛོམས་ ཞལ་འཛོམས་དང་ སྦྱོང་བརྡར་ལ་སོགས་པ་ཚུ་ འགོ་འདྲེན་འཐབ་ནི་མེད་པའི་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ གསལ་བསྒྲགས་འབད་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ལྗོངས་མཁར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *