གནས་སྒང་གཙང་ཆུའི་གུ་ལས་ གཏན་འཇགས་ཀྱི་ཟམ་རྐྱབ་པའི་བསྒང་།

ཀླུ་རྨང་མི་སེར་ཚུ་གིས་ གནས་སྒང་གཙང་ཆུའི་གུ་ལས་ གཏན་འཇགས་ཀྱི་ཟམ་གཅིག་ འཐོབ་ཚུགས་ནི།

༉ འཕྲལ་མགྱོགས་ར་ བཀྲིས་སྒང་ ཀླུ་རྨང་རྒེད་འོག་གི་མི་སེར་ཚུ་གིས་ གནས་སྒང་གཙང་ཆུའི་གུ་ལས་ ཟམ་ཅིག་འཐོབ་ཚུགས་ནི་ཨིན་མི་དེ་ཡང་ ད་ལྟོ་ ཟམ་བཟོ་སྐྲུན་འབད་བའི་བསྒང་ ཡོད་ནི་དེ་གིས་ཨིན་པས།
ཟམ་མེད་པའི་སྐབས་ ཝམ་རོང་དྲུང་ཁག་ཁ་ཐུག་སྡོད་མི་ མི་སེར་ཚུ་རྒེད་འོག་ལྟེ་བ་དང་ མཐུད་སྦྲེལ་འབད་ནི་ན་ དཀའ་ངལ་བྱུང་དོ་ཡོདཔ་ད་ ཟམ་སྒྲུབ་པའི་བསྒང་ལས་ དཀའ་ངལ་བསལ་ཚུགས་ནི་ཨིན་པས།
ཟམ་བཟོ་སྐྲུན་གྱི་དོན་ལས་ ཁག་འབགཔ་ འཇིགས་འབྲེལ་འཇིགས་མེད་སྒེར་སྡེ་ཚད་འཛིན་ལུ་ སྤྲོད་ཡོདཔ་ད་ ད་ལྟོ་ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
གནས་སྒང་གཙང་ཆུ་གིས་ ཝམ་རོང་དྲུང་ཁག་དང་ ཀླུ་རྨང་རྒེད་འོག་སོ་སོ་སྦེ་འཕྱལ་དོ་ཡོདཔ་ད་ གཙང་ཆུ་དེ་ རྒེད་འོག་ལྟེ་བ་ལས་ ཀི་ལོ་མི་ཊར་༤ དེ་ཅིག་དང་ རི་སེར་བུ་སྨན་ཁང་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ས་ཁར་ཡོདཔ་ཨིན་པས།
ཀླུ་རྨང་རྒཔོ་ སངས་རྒྱས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཆུ་ཕར་ཁར་སྡོད་མི་ མི་སེར་ཚུ་ལུ་དཀའ་ངལ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཟམ་སྒྲུབ་པའི་བསྒང་ལས་ ཀླུ་རྨང་རྒེད་འོག་གི་ མི་སེར་རྐྱངམ་ཅིག་མེན་པར་ པདྨ་དགའ་ཚལ་རྫོང་ཁག་ ན་ནོང་རྒེད་འོག་གི་སོ་ནམ་པ་ཚུ་ལུ་ཡང་ཕན་ཐོགས་བྱུང་འོང་ཟེར་ཨིན་པས།
རྒཔོ་གིས་སླབ་མིའི་ནང་ ཟམ་དེ་ རྒེད་འོག་གི་དོན་ལས་ ཁག་ཆེ་ཤོས་ཅིག་ཨིནམ་མ་ཚད་ ཚོད་བསྲེ་ཚོང་འབྲེལ་འབད་ནི་ལུ་ ཕན་ཐོགས་འོང་ཟེར་ཨིན་པས།
ཁྱིམ་གུང་༣༠༠ལྷགཔ་ཅིག་ གནས་སྒང་ཆུ་ཕར་ཁར་ ཆགས་ཡོདཔ་ད་ རྒེད་འོག་དང་འབྲེལ་བའི་ལཱ་ ག་ཅི་འབད་རུང་ ཆུ་བརྒལ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་མི་སེར་ཚུ་གིས་འབད་བ་ཅིན་ གནམ་བྱཱར་ལུ་ ཆརཔ་རྐྱབ་པའི་སྐབས་ མཐུད་སྦྲེལ་འབད་མ་ཚུགས་པའི་དཀའ་ངལ་སྡོད་ཡི་ཟེར་ཨིནམ་ད་ ཆརཔ་རྐྱབ་ད་ར་ ཚ་གྱང་ལང་དགོ་ཟེར་ཨིན་པས།
གནམ་བྱཱར་ཨ་རྟག་ར་ གཙང་ཆུ་བྲས་བའི་སྐབས་ རྫོང་ཁག་དང་དྲུང་ཁག་ལུ་ མཐུད་སྦྲེལ་འབད་མ་ཚུགས་པའི་དཀའ་ངལ་ཡོད་ཟེར་ སོ་ནམ་པ་ ཟླ་བ་རྒྱལ་མཚན་གྱིས་བཤད་པའི་ཁར་ ཟམ་སྒྲུབ་པའི་བསྒང་ལས་ སྟབས་མ་བདེཝ་བསལ་ཚུགས་ནི་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་ར་ ཆུ་བྲས་མི་དང་ ལམ་རྒྱ་ཆུང་ཀུ་འབདཝ་ལས་ འགྲོ་འགྲུལ་འབད་ནི་ནང་ དཀའ་ངལ་ཡོད་ཟེར་ཨིན་པས།
སོ་ནམ་པ་ ངག་དབང་སྒྲོལ་མ་གིས་ སླབ་མིའི་ནང་ ཟམ་སྒྲུབ་པའི་བསྒང་ལས་ ཆུ་རུད་ཀྱི་འཕྱག་འབག་པའི་ ཚ་གྱང་ལང་མི་དགོ་ནི་མས་ཟེར་ཨིནམ་ད་ རྒེད་འོག་ལྟེ་བ་ལས་ ཨ་རྟག་ར་ ཞབས་ཏོག་ག་ར་འཐོབ་ཚུགས་ནི་མས་ཟེར་ཨིན་པས།
རྒེད་འོག་ལྟེ་བའི་འཁོར་ལམ་བསུབས་པའི་སྐབས་ སངས་སྦས་རི་ལས་ ཀུ་རི་འཆི་ལོ་ལུ་ མཐུད་སྦྲེལ་འབད་མི་ འཁོར་ལམ་ཡོད་རུང་ གནམ་བྱཱར་ལུ་ འཕྲལ་འཕྲལ་ར་ བསུབ་དོ་ཡོདཔ་ལས་ ཞབས་ཏོག་དུས་ཚོད་ཁར་ འཐོབ་མི་ཚུགས་དོ་ཡོདཔ་ཨིན་པས།
ཟམ་སྤྲིང་ནི་དོན་ལུ་ གྱང་རྩིགཔ་ཚུ་རྐྱབ་པའི་བསྒང་ཡོདཔ་ད་ ཟམ་རྐྱབ་ནི་དོན་ལུ་ རྒྱ་གར་གཞུང་གིས་ རྒྱབ་སྐྱོར་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༩.༠༦༢ དེ་ཅིག་གནས་དོ་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཀླུ་རྨང་།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *