ཀྲོང་གསར་ ཀེ་ལ་སྤྱི་འོག་གི་ གཡུས་མི་ཚུ་ག་ར་ བརྟག་དཔྱད་འབད་ནི།

༉ ཀྲོང་གསར་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་སྤྱི་འོག་ནང་ ད་རིས་ལས་ གཡུས་མི་ཚུ་ག་ར་ ནད་ཡམས་ཀོ་བིཌ་-༡༩ འི་ བརྟག་དཔྱད་འབད་ནི་ཨིནམ་ད་ དེ་ཡང་ ས་གནས་ནང་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཐོབ་པའི་ཤུལ་ལས་ ས་གནས་དེ་ ཚོས་གཞི་སེརཔོ་སྦེ་ ངོས་འཛིན་འབད་ནི་དེ་གིས་ཨིན་པས།

དེ་བཟུམ་སྦེ་ བྲག་སྟེང་རྒེའ་འོག་གི་ བུབ་བྱག་དང་ སྟག་རྩེ་ བཀྲིས་སྡིངས་ཁ་ དེ་ལས་ གཡུས་ས་གཡུས་ཚན་ཚུ་ནང་ ད་རིས་ལས་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ནི་ འགོ་བཙུགས་ནི་ཨིནམ་ལས་ གནས་སྐབས་ཅིག་ འགྲོ་འགྲུལ་བཀག་དམ་ འབད་ནི་ཨིན་པས།

དེ་བཟུམ་སྦེ་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ འགོ་བཙུགས་ཏེ་ ཉིནམ་༡༤ ལང་ཡོདཔ་ད་ ད་རེས་ རྫོང་ཁག་ཚུ་ནང་ འགུལ་སྐྱོད་བཀག་དམ་ ཡངས་ཆག་གཏང་ནི་ འགོ་བཙུགས་མི་དང་འབྲེལ་ བུམ་ཐང་དང་ ཀྲོང་གསར་རྫོང་ཁག་༢ ནང་ཡང་ འགོ་བཙུགས་ཡོདཔ་ཨིན་རུང་ རྫོང་ཁག་༢ ནང་ ཚོས་གཞི་སེརཔོ་སྦེ་ ངོས་འཛིན་འབད་ཡོད་མི་ ས་གནས་ཚུ་ གནས་སྐབས་ཅིག་ འགྲོ་འགྲུལ་ཡངས་ཆག་མི་གཏང་ནི་ཨིན་པས།

གཡུས་སྒོ་ཚུ་ནང་ ལོ་ཆོད་ཚུ་ གཏང་ཆོག་ནི་ཨིན་རུང་ བླམ་ཆོསཔ་ཚུ་ ཐོ་བཀོད་འབད་དགོཔ་མ་ཚད་ རྒེད་འོག་ལུ་ཡང་ སྙན་ཞུ་འབད་དགོཔ་ད་ ཕྱི་ཁར་ལས་ མགྱོནམ་ག་ཡང་ འབོ་མི་ཆོག་ནི་ཨིན་པས།

རྫོང་ཁག་ནང་འཁོད་ལུ་ ལུང་ཕྱོགས་དང་ ཡིག་ཚང་ཚུ་ སྒོ་བསྡམས་བཞག་ནི་ཨིན་རུང་ ཞབས་ཏོག་བྱིན་མི་ དངུལ་འབྲེལ་གཙུག་སྡེ་ཚུ་ བསྐོར་རྒྱབ་དང་ རེའུ་མིག་དང་འཁྲིལ་ སྒོ་ཕྱེ་ཆོག་ནི་དང་ རྒེད་འོག་ཡིག་ཚང་ཡང་ སྒོ་ཕྱེ་ཆོག་ནི་ཨིན་པས།

སྤྱིར་བཏང་ཚོང་ཁང་ག་ར་ སྒོ་ཕྱེ་ཆོག་རུང་ ཀ་རོའོ་ཀི་དང་ ཆང་ཁང་ དེ་ལས་ སི་ནུ་ཀར་ སྒྲ་དབྱངས་ཁང་ཚུ་ སྒོ་ཕྱེ་མི་ཆོག་ནི་དང་ ཟ་ཁང་ཚུ་ནང་ མི་བརྒྱ་ཆ་༥༠ དེ་ཅིག་ལས་བརྒལ་མི་ཆོག་ནི་དང་ མི་ཚུ་གིས་ ཟ་ཁང་ནང་ལས་ བཞེས་སྒོ་ཚུ་ ཁྱིམ་ནང་འབག་འགྱོ་ནིའི་གདམ་ཁ་ རྐྱབ་དགོཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ ཀོ་བིཌ་-༡༩ འི་སྒྲིག་གཞི་དང་ གསོ་བའི་ལམ་སྟོན་ལུ་ གནས་དགོཔ་ད་ གལ་སྲིད་ མ་གནས་མི་ཚུ་ འབྲུག་གི་ཉེས་འགལ་ཁྲིམས་དེབ་དང་བསྟུན་ ངོས་ལེན་འབད་ནི་ཨིན་པས།

དེ་བཟུམ་སྦེ་ བུམ་ཐང་དོམ་མཁར་དང་ ལྕམ་མཁར་ཁྲོམ་གྱི་ས་གནས་༣ ས་གོ་སེརཔོ་སྦེ་ ངོས་འཛིན་འབད་ཡོདཔ་ད་ ས་གནས་གཞན་ཚུ་ནང་ མི་ཚུ་འགྲོ་འགྲུལ་ཡངས་ཆག་གཏང་ནི་ཨིན་རུང་ ཆ་མཉམ་གྱིས་ གསོ་བའི་ལམ་སྟོན་དང་འཁྲིལ་དགོཔ་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *