ཀྲོང་གསར་ ཀེ་ལ་གཡུས་ཚན་གྱི་ མི་ཚུ་ག་ར་ ནད་ཡམས་ཀྱི་ བརྟག་དཔྱད་འབད་ནི།

༉ ཁ་ཙ་ ཀྲོང་གསར་ཀེ་ལ་ལས་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཀོ་བིཌ་༡༩ ཐོབ་ཡོདཔ་སྦེ་ ཐོན་པའི་ཤུལ་ལས་ ལྟ་རྟོག་དམ་དམ་འབད་དེ་ མི་ག་ར་ བརྟག་འཔྱད་འབད་ནི་ཨིན་པས།

ཨམ་སྲུ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༦ ལུ་ སྤ་རོ་ལས་འོང་ཡོདཔ་ད་ ཨམ་སྲུ་དེ་དང་ མོ་རའི་ སྐྱེས་ལོ་༣ ལང་མི་ ཨོ་ལོ་དེ་ གཡུས་ཁར་ ཆོ་ག་གཏང་པར་འོང་ཡོདཔ་ད་ སྤྱི་ཚེས་༢༢ ལུ་ ཟུར་བཞག་ནང་ བཞག་ཡོདཔ་ཨིན་པས།

ཨམ་སྲུ་དེ་ ཐིམ་ཕུག་ལས་ གླང་མཐིལ་གྱི་ འགྲུལ་སྐྱེལ་བཱིས་ནང་ འོང་ཡོདཔ་ད་ ཀེ་ལ་ཁ་ཐུག་ལུ་ གླ་འཁོར་ཅིག་ནང་ སོང་ཡོདཔ་ལས་ གླ་འཁོར་དེད་གཡོགཔ་དེ་དང་ མོ་རའི་ཕམ་༢ ཟུར་བཞག་ནང་ བཙུགས་ཡོདཔ་ད་ གཞན་མི་ མོ་དང་འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་འབད་དོ་ཡོདཔ་ཨིན་པས།

སྟངས་སི་སྦྱིས་རྒཔོ་ མགོན་པོ་རོ་རྗེ་གིས་ སླབ་མིའི་ནང་ ཀེ་ལ་གི་གཡུས་ཚན་ནང་ མི་ག་ར་ བརྟག་དཔྱད་འབད་ནི་སྦེ་ བཞག་ཡི་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་དེ་ ཆུང་ཀུ་ཨིནམ་མ་ཚད་ མོ་གཡུས་ཁར་ ཞག་དག་པ་ཅིག་ སྡོད་མི་ལུ་བརྟེན་ཨིན་པས།

ས་གནས་ནང་ དཔེ་ཚད་བསྡུ་ལེན་འབད་ནིའི་དོན་ལུ་ གསོ་བའི་སྡྡེ་ཚན་༢ བཏང་ཡོདཔ་ད་ དཔེ་ཚད་དེ་ ཨར་ཊི་པི་ཧི་ཨར་དོན་ལུ་ ད་རེས་ གཏང་ནི་ཨིནམ་ད་ ཨམ་སྲུ་དེ་ མོང་སྒར་ལུང་ཕྱོགས་སྨན་ཁང་གི་ ཟུར་བཞག་ནད་ཁང་ནང་ བཏང་ཡོདཔ་ཨིན་པས།

ཀྲོང་གསར་གྱི་ ཟུར་བཞག་ཁང་ནང་ མི་གྲངས་༢༤ ཡོདཔ་ད་ དེ་ཚུ་ག་ར་ ནད་ཡམས་ཐོབ་མི་ཚུ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ཨིནམ་ད་ ཀེ་ལ་གཡུས་ཚན་ནང་ མི་ག་ར་ རང་སོའི་ཁྱིམ་ནང་ ཟུར་སྡོད་དགོཔ་སྦེ་ཨིན་པས།

དེ་བཟུམ་སྦེ་ ཁ་ཙ་ བུམ་ཐང་ལུ་ ནད་ཡམས་ཐོབ་མི་དེ་ འདས་པའི་ཉིནམ་ནང་ ནད་ཡམས་ཐོབ་ཡོད་པའི་ ཕོ་སྐྱེས་དེ་གི་ ཨམ་སྲུ་དང་ ཨ་ལོ་ཨིནམ་ད་ ཁོ་༢ ཡང་ མོང་སྒར་ལུ་ ཟུར་བཞག་ནད་ཁང་ནང་ བཏང་ཡོདཔ་ཨིན་པས།

སྤྱི་ཟླ་༡༢ པའི་ཚེས་༢༢ ལས་ ད་ལྟོ་ཚུན་ བུམ་ཐང་ལུ་ ནད་ཡམས་ཐོབ་མི་༤ ཐོན་ཡོདཔ་ད་ ཟུར་བཞག་ཁང་ནང་ མི་༥༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *