ཀྲོང་གསར་སྨན་ཁང་།

ཀྲོང་གསར་སྨན་ཁང་ནང་ ཌོག་ཊར་མ་ལང་པའི་དཀའ་ངལ་སྦོམ་ཡོདཔ།

༉ ཀྲོང་གསར་སྨན་ཁང་ནང་ ཌོག་ཊར་ཕུད་རྡོག་༡ ལས་བརྒལ་མེད་ནི་དེ་གིས་ མི་མང་གི་ ཞབས་ཏོག་འགྲུབ་ནི་ལུ་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ཨིན་པས།
སྤྱིར་བཏང་ སྨན་ཁང་དེ་ནང་ ཡིག་ཐོག་ལུ་ ཌོག་ཊར་༤ ཡོདཔ་སྦེ་ཨིན་རུང་ ཌོག་ཊར་༢ ཧེ་མ་ལས་ སློབ་སྦྱོང་འབད་བར་སོང་བའི་ཤུལ་ལུ་ ཌོག་ཊར་༢ ཀྱིས་ ཞབས་ཏོག་འགྲུབ་ཚུགས་ནི་ལུ་ གདོང་ལེན་བྱུང་ཡོདཔ་ཨིན་པས།
ད་རུང་ འཕྲལ་ཁམས་ཅིག་ཁར་ ཌོག་ཊར་༡ ཤེས་ཡོན་རྒྱ་སྐྱེད་ཀྱི་དོན་ལུ་ སློབ་སྦྱོང་འབད་བར་ སོང་བའི་བསྒང་ལས་ ཌོག་ཊར་༡ འབད་མི་གིས་ བདག་སྐྱོང་དང་ སྨན་བཅོས་ཀྱི་ ལཱ་འགན་ག་ར་ འབག་དགོཔ་ལས་ དཀའ་ངལ་གྱི་ གཞི་གནད་ཅིག་ལུ་གྱུར་ཡོདཔ་ཨིན་པས།
རྫོང་ཁག་བདག་སྐྱོང་གིས་ གསོ་བའི་ལྷན་ཁག་ལུ་ ཌོག་ཊར་ཚབ་དགོ་པའི་ སྙན་ཞུ་འབད་ཡོད་རུང་ ད་ལྟོ་ ལྷན་ཁག་ནང་ ཌོག་ཊར་གྱི་དཀའ་ངལ་ཡོདཔ་ལས་ བཏང་ཐབས་མིན་འདུག་ཟེར་ཨིནམ་ད་ སྤྱི་ལོ་༢༠༢༠ ཟླ་༡ པའི་ནང་འབད་བ་ཅིན་ ཌོག་ཊར་༡ གཏང་ཚུགསཔ་འབད་འོང་ཟེར་ སླབ་ཡོདཔ་ཨིན་པས།
ཌོག་ཊར་ཕུད་རྡོག་ཅིག་གིས་ ཕྱིའི་ནདཔ་བརྟག་དཔྱད་འབད་ནི་དང་ གློ་འབུར་གྱི་ནདཔ་བལྟ་ནི་ སྨན་ཁང་ནང་ བཞག་མིའི་ནདཔ་ག་ར་ ལྟ་དགོཔ་ལས་ དཀའ་ངལ་འདུག་ཟེར་ཨིན་པས།
ཌོག་ཊར་པིར་ཏི་གི་རི་གིས་ སླབ་མིའི་ནང་ ལཱ་ག་ར་ མི་གཅིག་གིས་ འབད་དགོཔ་ལས་ ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ སྨན་ཁང་གཞན་ཚུ་ནང་འབད་བ་ཅིན་ ཌོག་ཊར་ཚུ་ མཉམ་རུབ་ཐོག་ལས་ འབདཝ་ཨིན་ཟེར་ཨིན་པས།
མོ་ར་ སྨན་ཁང་ནང་ གསརཔ་ལྷོད་པའི་ཁར་ ལཱ་འགན་འབག་སྟེ་ འབད་དགོ་མི་གིས་ དཀའ་ངལ་འདུག་ཟེར་ཨིན་པས།
ཀྲོང་གསར་ལུ་ སྡེ་རིམ་དང་པའི་ གཞི་རྟེན་སྨན་ཁང་མེད་ནི་དེ་གིས་ སྨན་བཅོས་དོན་ལས་ ནདཔ་མངམ་བཏང་དོ་ཡོད་པའི་ཁར་ མི་རློབས་ཡར་སེང་སོང་མི་དང་འབྲེལ་ ནདཔ་གྱི་གྱངས་ཁ་ཡང་ ཡར་སེང་སོང་ཡོདཔ་ལས་ ཆ་རོགས་དགོཔ་འདུག་ཟེར་ཨིན་པས།
ད་ལྟོ་ཡོད་མིའི་ ཌོག་ཊར་༡ པོ་དེ་ གལ་སྲིད་ ནདཔ་འཐོན་པ་ཅིན་ སྨན་ཁང་སྒོ་བསྡམ་དགོ་ནི་མས་ཟེར་ཨིནམ་ད་ སྨན་ཁང་ནང་ ཌོག་ཊར་གཅིག་ལས་བརྒལ་མེད་ནི་དེ་གིས་ གཞུང་འབྲེལ་ཞལ་འཛོམས་ཚུ་ནང་ཡང་ གྲལ་གཏོགས་འབད་མི་ཚུགས་པས་ཟེར་ཨིན་པས།
གསོ་བའི་ལྷན་ཁག་ཁ་ཐུག་ལས་ འཕྲལ་མགྱོགས་ར་ ཉམས་མྱོང་ཡོད་པའི་ ཌོག་ཊར་ཅིག་ གཏང་པ་ཅིན་ བཀྲིན་ཆེ་ནི་མས་ཟེར་ མི་གིས་བཤདཔ་ཨིན་པས།
གླང་མཐིལ་ལས་ སྐྱེས་ལོ་༦༧ ལང་མི་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཌོག་ཊར་༡ ལས་མེདཔ་ལས་ དུས་ཡུན་ཆུ་ཚོད་༣ ལྷག་ཙམ་རེ་ བསྒུགས་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ལུ་ ཞབས་ཏོག་ལེགས་ཤོམ་བྱིན་ནིའི་དོན་ལུ་ ཌོག་ཊར་ཐེབས་ དགོཔ་ཁ་ཆེ་བས་ཟེར་ཨིནམ་མ་ཚད་ ས་ཐག་རིང་ས་ལས་འོང་མིའི་ནདཔ་ཚུ་ སྨན་བཅོས་འབད་ནི་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།
སྦྱིས་གཡུས་ཚན་ལས་ པདྨ་བཟངམོ་གིས་ སླབ་མིའི་ནང་ ཌོག་ཊར་༡ འབད་ནི་དེ་གིས་ ནདཔ་ཚུ་ལུ་ ཞབས་ཏོག་ལེགས་ཤོམ་ བྱིན་མི་ཚུགས་པས་ཟེར་ཨིན་པས།
སྨན་ཁང་བདག་སྐྱོང་ཁ་ཐུག་ལས་ ཨམ་སྲུ་དང་ ཨ་ལོ་ཞབས་ཏོག་སྡེ་ཕྲན་ནང་ གསོ་བའི་ལས་རོགས་༣ ཡོདཔ་ལས་ གཅིག་ཕྱིའི་ནདཔ་ལྟ་རྟོག་འབད་སར་ བཞག་ནིའི་དོན་ལུ་ འབྲུག་གསོ་བ་དང་ འཕྲོད་བསྟེན་སྡེ་ཕྲན་ལས་ གནང་བ་ལེན་ནི་དང་ རྫོང་ཁག་ནང་འཁོད་ཀྱི་སྨན་ཁང་ནང་ ཌོག་ཊར་ཐེབས་ཡོད་མི་ཚུ་ནང་ལས་ བདེ་སྒྲིག་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *