རྡོ་བཟོ་བོ་ཚུ་གིས་ སྐྱེ་ལྡན་མེ་རླུང་བཟོ་ནིའི་ སྦྱོང་བརྡར་འབད་བའི་བསྒང་།

ཀྲོང་གསར་ལུ་ རྡོ་བཟོ་བོ་ཚུ་གིས་ སྐྱེ་ལྡན་མེ་རླུང་བཟོ་ནིའི་ སྦྱོང་བརྡར་འབད་ཡོདཔ།

༉ གྲོང་གསེབ་ནང་ སྐྱེ་ལྡན་མེ་རླུང་བཟོ་མི་ ལངམ་མེད་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ རྡོ་བཟོ་བོ་དང་ སྒོ་ནོར་རྒྱ་སྐྱེད་འོག་དཔོན་ཚུ་ལུ་ གླང་མཐིལ་རྒེད་འོག་ནང་སྦེ་ བདུན་ཕྲག་༢ ཀྱི་རིང་ སྐྱེ་ལྡན་མེ་རླུང་བཟོ་ནིའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།

ལས་རིམ་དེ་ཡང་ སོ་ནམ་དང་ནགས་ཚལ་ལྷན་ཁག་འོག་གི་ སྒོ་ནོར་ལས་ཁུངས་ཀྱི་ སྒོ་ནོར་སྐྱེ་ལྡན་མེ་རླུང་ལས་རིམ་དང་ ཀྲོང་གསར་རྫོང་ཁག་སྒོ་ནོར་སྡེ་ཚན་ དེ་ལས་ བསྟན་རྒྱས་ལྷན་ཁག་ ནུས་ཤུགས་སླར་འབྱུང་ལས་ཁུངས་ཀྱི་ རྒྱབ་སྐྱོར་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

སྦྱོང་བརྡར་ལས་རིམ་ནང་ ཀྲོང་གསར་དང་ དར་དཀར་ནང་ མོང་སྒར་ བཀྲིས་སྒང་ ཧཱ་ ཆུ་ཁ་ དེ་ལས་ དབང་འདུས་ཕོ་བྲང་རྫོང་ཁག་ཚུ་ནང་ལས་ རྡོ་བཟོ་བོ་༢༤ དང་ རྒེད་འོག་སྒོ་ནོར་རྒྱ་སྐྱེད་ལས་རོགས་༢༢ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

ལས་རིམ་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ སྦྱོང་ལཱ་འབད་བཅུག་སྟེ་ གླང་མཐིལ་ལུ་ སྐྱེ་ལྡན་མེ་རླུང་༨ བཟོ་སྐྲུན་འབད་ཡོདཔ་ཨིན་པས།

སྐྱེ་ལྡན་མེ་རླུང་ལས་རིམ་གྱི་ སྤུས་ཚད་ཚད་འཛིན་དང་ ལྟ་རྟོག་འགོ་དཔོན་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ལས་རིམ་དེ་ཡང་ ས་གནས་ནང་ལས་ཕར་ མེ་རླུང་བཟོ་སྐྲུན་འབད་ནིའི་དོན་ལུ་ རྡོ་བཟོ་བོ་ལངམ་སྦེ་མེད་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ འགོ་འདྲེན་འཐབ་དོ་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ད་ཚུན་ རྡོ་བཟོ་བོ་༦༠༠ དེ་ཅིག་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་རུང་ ཁོང་གིས་ ལཱ་གཡོག་གོ་སྐབས་དང་ འོང་འབབ་མངམ་འཐོབ་སར་ ལཱ་འབད་བར་འགྱོ་དོ་ཡོདཔ་ལས་ རྡོ་བཟོ་བོ་མ་ལང་པའི་ དཀའ་ངལ་ཡོད་ཟེར་ཨིན་པས།

སྐྱེ་ལྡན་མེ་རླུང་རེ་ལུ་ གོང་ཚད་དངུལ་ཀྲམ་༤༠,༠༠༠ དེ་ཅིག་ གནས་དོ་ཡོདཔ་ད་ མི་ཚུ་ བཟོ་སྐྲུན་འབད་ནིའི་ དང་འདོད་ཡོད་པ་ཅིན་ ལས་ཁུངས་ཀྱིས་ གོང་ཚད་ཕྱེད་ཀ་བྱིན་ཏེ་ བཟོ་སྐྲུན་འབད་བྱིན་དོ་ཡོདཔ་ཨིན་པས།

བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ལོ་༥ འི་འཆར་གཞི་༡༢ པའི་ནང་ སྐྱེ་ལྡན་མེ་རླུང་༤༠༠༠ དེ་ཅིག་ བཟོ་ནིའི་ འཆར་གཞི་ཡོདཔ་ད་ འདས་པའི་ལོ་༢ ལྷགཔ་ཅིག་ནང་ མེ་རླུང་༢༠༠༠ དེ་ཅིག་བཟོ་ཡོདཔ་ད་ ད་ལས་ཕར་ འཆར་གཞི་༡༢ པ་མཇུག་མ་བསྡུ་ཚུན་ ལོ་རེ་ནང་ མེ་རླུང་༨༨༠ རེ་བཟོ་ནིའི་ དམིགས་གཏད་ཡོད་ཟེར་ཨིན་པས།

ད་ལྟོ་ རྒྱལ་ཁབ་ནང་ སྐྱེ་ལྡན་མེ་རླུང་༧,༧༧༠ དེ་ཅིག་ བཟོ་སྐྲུན་འབད་ཡོདཔ་ད་ དེ་ཡང་ མང་ཤོས་ར་ ཤར་ཕྱོགས་དང་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ཡོདཔ་ཨིན་པས།

ཧཱ་རྫོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ རྡོ་བཟོ་བོ་གི་ སྦྱོང་བརྡར་འབད་བར་འོང་མི་ ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ གྲོང་གཡུས་ནང་ རང་གི་དཔལ་འབྱོར་གོང་འཕེལ་གཏང་ནིའི་དོན་ལུ་ ནོར་ལས་འཐོན་མི་ ཨ་ཝ་དེ་ ལག་ལེན་འཐབ་ཞིནམ་ལས་ སྐྱེ་ལྡན་མེ་རླུང་བཟོ་བ་ཅིན་ མེ་རླུང་རྒྱ་རྫི་ལག་ལེན་འཐབ་ནིའི་དོན་ལུ་ ཟད་འགྲོ་གཏང་མི་དེ་ ལཱ་གཞན་གྱི་དོན་ལུ་ གསོག་འཇོག་འབད་ཚུགས་ཟེར་ཨིན་པས།

དེ་མ་ཚད་ ཐབས་ཤིང་ལག་ལེན་མར་ཕབ་འབད་དེ་ རྒྱལ་ཁབ་ཀྱི་ ནགས་ཚལ་སྲུང་སྐྱོབ་འབད་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།

གླང་མཐིལ་ལས་ དབང་མོ་ལུ་ སྦྱོང་བརྡར་སྐབས་ སྐྱེ་ལྡན་མེ་རླུང་ཐོབ་ཡོདཔ་ད་ མོ་གིས་ སླབ་མིའི་ནང་ མོ་རའི་ཁྱིམ་ཚང་ཚུ་གི་ སྐྱེ་ལྡན་མེ་རླུང་དེ་ ཕན་ཐོགས་ཆེ་བའི་སྒོ་ལས་ ལག་ལེན་འཐབ་དོ་ཡོདཔ་ལས་ དགོ་པའི་རེ་བ་བསྐྱེད་ཡོདཔ་ད་ ད་རེས་ དགོ་མི་མངམ་ཡོདཔ་ལས་ ཁ་རྗེ་གདམ་འཐུའི་ཐོག་ལས་ མོ་གིས་ཐོབ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ད་ལས་ཕར་ ནོར་གྱི་ཨ་ཝ་དེ་ ཞིང་ནང་རྐྱངམ་གཅིག་མེན་པར་ བཞེས་སྒོ་འབད་ནིའི་དོན་ལུ་ ལག་ལེན་འཐབ་བཏུབ་མ་ཚད་ དེ་ནང་ལས་འཐོན་མི་ལུད་དེ་ བཅུད་ཡོདཔ་ལས་ ཕན་ཐོགས་སྦོམ་འོང་ནི་མས་ཟེར་ཨིན་པས།

སྐྱེ་ལྡན་མེ་རླུང་དེ་ ལོ་ངོ་༢༥ ལས་༣༠ ཚུན་ལག་ལེན་འཐབ་བཏུབ་ད་ འགོ་དང་པ་ ལག་ལེན་འཐབ་པའི་སྐབས་ ནོར་གྱི་ཨ་ཝ་ཀེ་ཇི་༡༥༠༠ དེ་ཅིག་དགོཔ་ད་ དེ་ལས་ ཉིན་བསྟར་བཞིན་དུ་ ཀེ་ཇི་༢༠ རེ་དགོཔ་ཨིན་པས།

འགོ་དཔོན་ཚུ་དང་འཁྲིལཝ་ད་ སྐྱེ་ལྡན་མེ་རླུང་ལག་ལེན་འཐབ་ནིའི་དོན་ལུ་ ནོར་༢ ཀྱི་ ཨ་ཝ་གིས་ལང་ཟེར་ཨིནམ་ད་ གཡུས་ཁ་ལས་ཕར་ ནད་ཡམས་ལུ་བརྟེན་ འགྲོ་འགྲུལ་བཀག་དམ་སྐབས་ མེ་རླུང་རྒྱ་རྫི་མ་འཐོབ་པའི་ དཀའ་ངལ་བྱུང་ནི་དེ་གིས་ སྐྱེ་ལྡན་མེ་རླུང་གདམ་ཁ་རྐྱབ་མི་ མངམ་འདུག་ཟེར་ཨིན་པས།

སྦྱང་བརྡར་ནང་ བཅའ་མར་གཏོགས་མི་ཚུ་ རང་གི་ས་གནས་ནང་ ལྷོད་ཞིནམ་ལས་ སྐྱེ་ལྡན་མེ་རླུང་བཟོ་ནི་ འགོ་འདྲེན་འཐབ་དགོཔ་ཨིན་པས།

སྐར་ཚོགས་རྒེད་འོག་གི་ སྒོ་ནོར་རྒྱ་སྐྱེད་འགོ་དཔོན་ སངས་རྒྱས་དབང་མོ་གིས་ སླབ་མིའི་ནང་ མོ་རའི་རྒེད་འོག་ནང་ མི་ཚུ་ལུ་ གོ་བ་སྤེལ་ཞིནམ་ལས་ ད་ལྟོ་ སྐྱེ་ལྡན་མེ་རླུང་༢ ལས་མེད་རུང་ ལེ་ཤ་བཟོ་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

སྐྱེ་ལྡན་མེ་རླུང་དེ་གིས་ གཡུས་མི་ཚུ་ རང་མགོ་རང་འདྲོངས་བཟོ་ནིའི་ནང་ ལྷན་ཐབས་འབད་འོང་ཟེར་ཨིནམ་ད་ དེ་ཡང་ ད་རེས་ ཕྱི་ཁ་ལས་ཐོན་མི་ མེ་རླུང་རྒྱ་རྫི་ཚུ་ ཉོ་མ་དགོ་པར་ རང་གིས་རང་ ལངམ་སྦེ་སྡོད་ཚུགས་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *