ཀྲོང་གསར་ཁྲོམ།

ཀྲོང་གསར་ལུ་ མི་༦ ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ།

༉ ཐིམ་ཕུག་ལུ་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་༡ ལུ་ ནད་ཡམས་ཀོ་བིཌ་༡༩ ཐོབ་པའི་ཤུལ་ལས་ མོ་དང་གཅིག་ཁར་ ཐད་ཀར་དུ་ འབྲེལ་བ་འཐབ་མི་ ཕོ་སྐྱེས་༢ ཀྲོང་གསར་ལུ་ ལྷོད་ཡོདཔ་ལས་ ས་གནས་ནང་སྡོད་མི་ཚུ་ འགྲོ་འགྲུལ་བཀག་དམ་མི་འབད་ག་ཟེར་ ཚ་གྱང་ལང་ཡོདཔ་ཨིན་པས།

ཨམ་སྲུ་དེ་དང་ ཐད་ཀར་དུ་ འབྲེལ་བ་འཐབ་མི་༢ ཀྲོང་གསར་ལུ་ལྷོད་པའི་ཤུལ་ལས་ ཁོང་༢ དང་འབྲེལ་བ་འཐབ་མི་༦ ཟུར་བཞག་ལྟེ་བའི་ནང་ བཞག་ཡོདཔ་ཨིན་པས།

ནད་ཡམས་ཐོབ་མི་ ཨམ་སྲུ་དེ་དང་ འབྲེལ་བ་འཐབ་མི་ཕོ་སྐྱེས་༢ ཁ་ཙ་ ལོག་ཐིམ་ཕུག་ལུ་ བཏང་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྤྱི་ཟླ་༡༢ པའི་ཚེས་༡༩ ལུ་ ཁོང་༢ ཀྱིས་ བྲག་སྟེང་རྒེད་འོག་ དབུས་ས་དང་ བུབ་བྱག་ སྟག་རྩེའི་ས་གནས་ཚུ་ནང་ མི་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཡོདཔ་ད་ མི་ངོམ་དེ་ ས་གནས་ནང་ ཆོ་ག་བཏང་སར་ སོང་ཡོདཔ་ལས་ ས་གནས་དེ་ཚུའི་ནང་ མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་མ་ཆོགཔ་ཨིན་པས།

བྲག་སྟེང་རྒཔོ་གིས་ སླབ་མིའི་ནང་ ཕོ་སྐྱེས་༢ བུབ་བྱག་ལུ་ ཅ་ལ་བསྐྱལ་བར་འོང་ནི་དེ་གིས་ ས་གནས་ཀྱི་མི་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལས་ འཛེམ་དགོཔ་སྦེ་ སླབ་ཡོདཔ་སྦེ་ཨིན་པས།

རྒཔོ་གིས་ སླབ་མིའི་ནང་ མི་ཚུ་ལུ་ གནས་སྟངས་ཀྱི་སྐོར་ལས་ བཤད་དགོཔ་གལ་ཆེ་མི་དེ་ཡང་ མི་ཚུ་ འུར་བྱེལ་མ་འཐབ་པར་སྡོད་ནི་ལུ་ ཕན་ཐོགས་པས་ཟེར་ཨིན་པས།

ཀྲོང་གསར་ལས་ མི་ཅིག་གིས་ སླབ་མིའི་ནང་ ས་གནས་ནང་སྡོད་མི་ཚུ་གིས་ དྲོ་པ་ལས་ ག་ཐོབ་རྐྱབ་སྟེ་ ཉོ་ཚོང་རྐྱབ་པར་འོང་མི་དེ་ཡང་ ད་རུང་ འགྲོ་འགྲུལ་བཀག་དམ་མི་འབད་ག་ཟེར་ ཚ་གྱང་ལང་སྟེ་ ཨིན་མས་ཟེར་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་ཀོ་བིཌ་-༡༩ ལས་བྱེད་ཚོགས་ཆུང་གིས་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ ཐིམ་ཕུག་ལས་ ཀྲོང་གསར་ལུ་འོང་མི་ཚུ་ ཐོ་བཀོད་འབད་དགོ་པའི་ གསལ་བསྒྲགས་འབད་ཡོད་པའི་ གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *