ཀྲོང་གསར་ཁྲོམ།

ཀྲོང་གསར་ལུ་ ནད་ཡམས་ཀྱི་ ཉེན་ཁ་ཡོད་པའི་ས་གནས་ཚུ་ནང་ ཟ་ཆས་ཚུ་ བཀྲམ་སྤེལ་འབད་ནི།

༉ རྒྱལ་ཁབ་ནང་ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་ འགོ་བཙུགས་ཏེ་ ཉིན་གྲངས་༧ སོང་ཡོདཔ་ད་ ཀྲོང་གསར་ལུ་ མི་ཚུ་ འགྲུལ་སྐྱོད་ཤོག་བྱང་འབག་སྟེ་ ངོས་འཛིན་ཅན་གྱི་ ས་ཁོངས་ཚུ་ནང་ ཕྱི་ཁར་ཐོན་ཏེ་ ཉོ་ཚོང་རྐྱབ་ཆོགཔ་སྦེ་ བཟོ་ཡོདཔ་བཞིན་དུ་ ཉེན་ཁ་ཅན་གྱི་ས་ཁོངས་ནང་ ཟ་ཆས་བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

བྲག་སྟེང་རྒེད་འོག་གི་ གཡུས་ཚན་༤ དང་ སྟངས་སི་སྦྱིས་རྒེད་འོག་གི་ ཀེ་ལ་གཡུས་ཚན་ནང་ ནད་ཡམས་ཐོབ་མི་དང་ འབྲེལ་བ་འཐབ་ཡོདཔ་ལས་ ཉེན་ཁ་ཅན་གྱི་ས་ཁོངས་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས།

སྟངས་སི་སྦྱིས་རྒེད་འོག་ནང་ མི་ཚུ་རང་སོའི་སྤྱི་འོག་ནང་ ངོས་འཛིན་འབད་ཡོད་པའི་ ས་གནས་ནང་འཁོད་ ཕྱི་ཁར་འཐོན་ཆོགཔ་ད་ ད་རིས་ རྒེད་འོག་བདག་སྐྱོང་གིས་ ཀེ་ལ་གཡུས་ཚན་ནང་ མི་ཚུ་གི་ མཁོ་མངགས་དང་བསྟུན་ དགོས་མཁོ་ཆེ་བའི་ཟ་ཆས་ཚུ་ བཀྲམ་སྤེལ་འབད་ནི་ཨིན་པས།

ཀེ་ལ་སྤྱི་འོག་ནང་ལས་ ཨམ་སྲུ་ཅིག་ལུ་ ནད་ཡམས་ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལས་ གཡུས་ཚན་དེ་ ཉེན་ཁ་ཅན་གྱི་ས་ཁོངས་སྦེ་ གསལ་བསྒྲགས་འབད་ཡོདཔ་མ་ཚད་ མི་ག་ར་ བརྟག་དཔྱད་འབད་ཡོདཔ་ཨིན་པས།

སྟངས་སི་སྦྱིས་རྒཔོ་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ནང་འཁོད་ སྤྱི་ཟླ་༡༢ པའི་ཚེས་༧ ལས་ འོང་མི་ཚུ་ ཟུར་བཞག་དུས་ཡུན་ཚང་ཞིནམ་ལས་ བརྟག་དཔྱད་འབད་ཡོདཔ་ད་ ཀེ་ལ་གི་ མི་ཚུ་མ་གཏོགས་ ས་གནས་གཞན་ཁ་ལས་འོང་མི་ཚུ་ རང་གི་ཁྱིམ་ནང་ ཟུར་སྡོད་མི་༡ ཡང་མེད་ཟེར་ཨིན་པས།

དེ་བཟུམ་སྦེ་ བྲག་སྟེང་རྒེད་འོག་གི་ གཡུས་ཚན་༤ ནང་ འཕྲལ་ཁམས་ཅིག་ཁར་ ནད་ཡམས་ཐོབ་མི་ཚུ་ ས་གནས་ནང་འོང་ཡོདཔ་ལས་ ཉེན་ཁ་ཅན་གྱི་ས་ཁོངས་སྦེ་ གསལ་བསྒྲགས་འབད་ཡོདཔ་ད་ སྤྱི་ཟླ་༡༢ པའི་ཚེས་༢༨ ལུ་ རྒེད་འོག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ ས་གནས་ཚུ་ནང་ དགོས་མཁོ་བའི་ཅ་ཆས་ཚུ་ བཀྲམ་སྤེལ་འབད་ཡོདཔ་ད་ ད་རིས་ཡང་ འཕྲོ་མཐུད་འབད་ནི་ཨིན་པས།

བྲག་སྟེང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་ཚོང་ཁང་ནང་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ མེད་ནི་དེ་གིས་ ཁ་ཙ་ ཅ་ཆས་དགོ་པའི་ ཞུ་བ་ཕུལ་ཡོདཔ་ལས་ ད་རིས་ བཀྲམ་སྤེལ་འབད་ནི་ཟེར་ཨིན་པས།

རྒེད་འོག་ནང་ཡོད་མི་ དགོན་སྡེ་དང་ གྲྭ་ཚང་ཚུ་ནང་ མི་སེར་ཚུ་དང་ གྲྭ་ཚང་གི་རྒྱབ་སྐྱོར་ཐོག་ལས་ སྐུ་རིམ་ཚུ་ གནང་བཞིན་དུ་ཡོདཔ་ཨིན་པས།

ཀྲོང་གསར་གྱི་ མཐའ་ཟུར་རྒེད་འོག་ སྐོར་ཕུག་ལུ་ཡང་ མི་ཚུ་ རང་གི་སྤྱི་འོག་ནང་ ངོས་འཛིན་འབད་བའི་ ས་གནས་ཚུ་ནང་ ཕྱི་ཁར་འགྱོ་ཆོགཔ་ད་ ཚོང་ཁང་ཡང་ ངོས་འཛིན་འབད་ཡོདཔ་ཨིན་པས།

སྐོར་ཕུག་རྒཔོ་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ མི་ཚུ་ལུ་ བྱ་སྟབས་མ་བདེཝ་ཚུ་ ག་ནི་ཡང་ མ་འཐོན་པར་ཡོདཔ་ད་ སྤྱི་ཟླ་༡༢ པའི་ཚེས་༡༩ ལས་ རྒེད་འོག་ནང་ལྷོད་མི་༡༩ དེ་ཅིག་ རང་སོའི་ཁྱིམ་ནང་ ཟུར་བཞག་པའི་ཤུལ་ལུ་ དང་དུང་ལས་ གསོ་བའི་ལས་བྱེདཔ་ཚུ་ འབོ་ཞིནམ་ལས་ ནད་ཡམས་ཀྱི་ བརྟག་དཔྱད་འབདཝ་ད་ ག་ཡང་མ་འཐོན་ཟེར་ཨིན་པས།

མི་ཚུ་ལུ་ ཟ་ཆས་བཀྲམ་སྤེལ་འབད་ནི་དེ་ རྒེད་འོག་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ རྒེད་འོག་གི་ཁ་ཐུག་ལས་ མི་ཚུ་ལུ་ ནད་ཡམས་ཀྱི་སྐོར་ལས་ གོ་བརྡ་སྤེལ་དོ་ཡོདཔ་སྦེ་ཨིན་པས།

འབྲུག་ཟ་སྤྱོད་ལས་འཛིན་གྱིས་ རྒེད་འོག་ཚུ་གི་དོན་ལུ་ སོ་ནམ་ཚོང་ཁང་ཚུ་ནང་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ མི་ཚུ་གི་ དགོས་མཁོ་དང་བསྟུན་ རྒེད་འོག་གིས་ བཀྲམ་སྤེལ་འབད་དོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ སྒོ་ནོར་གྱི་ ཐོན་རྐྱེན་ཚུ་ ད་རིས་ བཀྲམ་སྤེལ་འབད་ནི་ཨིན་པས།

ཀེ་ལ་ལུ་ ཨམ་སྲུ་ཅིག་ ནད་ཡམས་ཐོབ་ཡོདཔ་སྦེ་ བདའ་ཟུན་པའི་ཤུལ་ལས་ མོ་དང་འབྲེལ་བ་འཐབ་མི་དང་ མི་ཚུ་གི་དཔེ་ཚད་༡༨༨ བརྟག་དཔྱད་འབད་བར་ བཏང་མི་ཚུ་ག་ར་ ནད་ཡམས་མེདཔ་སྦེ་ ཐོན་ཡོདཔ་ད་ ཀྲོང་གསར་ལུ་ ད་རེས་ ཟུར་བཞག་ལྟེ་བའི་ནང་ མི་གྲངས་༢༧ ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *