གཞུང་ལམ་བསུབས་མི་དེ་ ས་རྐོ་འཕྲུལ་ཆས་ཀྱིས་ སེལ་བའི་བསྒང་།

ཀྲོང་གསར་ལུ་ གཞུང་ལམ་བསུབས་མི་དེ་ ཁ་ཙ་ཕྱི་རུ་ བསལ་ཚར་ཡོདཔ།

༉ ཀྲོང་གསར་དང་ དབང་འདུས་ཕོ་བྲང་བར་ན་ གཞུང་ལམ་བསུབས་མི་ལུ་བརྟེན་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཐོགས་ལུས་མི༌དེ༌ ཁ་ཙ་ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ཁར་ བཏང་ཡོདཔ་ཨིན་པས།
གཞུང་ལམ་བསུབས་མི་དེ་ཡང་ ཀྲོང་གསར་ལས་ དབང་འདུས་ཕོ་བྲང་ཁ་ཐུག་ ཀི་ལི་ཊར་༢༥ དེ༌ཅིག༌གི་ས་གནས་ ཚེ་རིང་མའི་གྲུབ་ཆུ་ ཟ་ལམ་ཆུ་ལུ་ སྤྱི་ཟླ་༣ པའི་ཚེས་༣༡ གི་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།
ཁ་ཙ་དྲོ་པ་ཁམས་ཅིག་ཁར་ ཟ་ལམ་ཆུ་གི་ ས་གནས་ཁག་༢ ནང་ འཁོར་ལམ་སྦོམ་སྦེ་ར་ བསུབས་ཡོད་མི་དེ་ བསལ་ནིའི་དོན་ལུ་ ལམ་སེལ་ལས་ཁུངས་ཀྱིས་ ས་རྐོ་འཕྲུལ་ཆས་༢ དང་ རྡོ་དཀྲུམ་འཕྲུལ་ཆས་ཚུ་ བཙུགས་ཡོད་པའི་ཁར་ ས་ཁོངས་ནང་ ལྟ་རྟོག་པ་ཚུ་ཡང་ བཙུགས་ཡོདཔ་ཨིན་པས།
ཀྲོང་གསར་ ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ སླབ་མིའི་ནང་ ས་གནས་ཁག་ཅིག་ནང་ ས་རུད་དང་ རྡོ་ཚུ་གིས་ ལམ་བསུབས་ཡོདཔ་བཞིན་དུ་ ཁག་གཞན་མི་ཅིག་ནང་ ལམ་ཆད་སོ་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྡོ་སྦོམ་བུད་འོང་མི་ཚུ་ ཁ་ཙ་དྲོ་པ་བསལ་ཚར་རུང་ འཁོར་ལམ་ཆད་མི་དེ་ ཕྱི་རུ་ཁམས་ཅིག་ཁར་མ་གཏོགས་ བསལ་མ་ཚུགསཔ་བཞིན་དུ་ སྣུམ་འཁོར་ཚུ་ཡང་ ཕྱི་རུའི་ཆུ་ཚོད་༦ དེ་ཅིག་ལས་ གཏང་མ་ཚུགས་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སྣུམ་འཁོར་དང་ འགྲུལ་པ་ཚུ་ལུ་ གནོད་སྐྱོན་འབྱུང་མི་བཅུག་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ཀྲོང་གསར་ཁྲོམ་ནང་ བཀག་བཞག་ཅི་ཟེར་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ སླབ་མིའི་ནང་ སྣུམ་འཁོར་ཆུང་བ་༡༥ དེ་ཅིག་ སྦྱིས་ཟམ་ཞིབ་དཔྱད་སྒོ་ར་ནང་ བཀག་བཞག་ཡོདཔ་མ་ཚད་ མི་མང་སྐྱེལ་འདྲེན་བཱསི་ཚུ་ཡང་ ཀྲོང་གསར་ཁྲོམ་ནང་ར་ བཀག་བཞག་ཅི་ཟེར་ཨིན་པས།
ད་རེས་ནངས་པར་ ཚེ་རིང་མའི་གྲུབ་ཆུ་གི་ ས་ཁོངས་ནང་ འཁོར་ལམ་རྒྱ་སྐྱེད་འབད་བའི་བསྒང་ཡོདཔ་བཞིན་དུ་ ལཱ་དེ་ཡང་ ཤར་ནུབ་གཞུང་ལམ་རྒྱ་སྐྱེད་ཀྱི་ ཡན་ལག་ལཱ་ཅིག་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ མི་མང་ལུ་ གཞུང་ལམ་བསུབས་ཡོད་པའི་སྐོར་ལས་ མི་སྡེ་བརྡ་བརྒྱུད་ ཕེས་བུཀ་ནང་ ཁྱབ་བསྒྲགས་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *