ཀྲོང་གསར་ལུ་ཆརཔ་གིས་ འབྱ་བརྔ་མི་ཚུ་ལུ་ གནོད་པ་རྐྱབ་ཡོདཔ།

༉ དུས་ཚོད་ འ་ནེམ་གཅིག་ཁར་ ཀྲོང་གསར་གྱི་ ས་གནས་མང་ཤོས་ནང་ འབྱ་བསྡུ་ནིའི་ དུས་ཚོད་ཨིན་མི་དང་བསྟུན་ གཡུས་མི་མང་ཤོས་ཀྱིས་ འབྱ་རྔ་ཡོདཔ་བཞིན་དུ་ སྤྱི་ཟླ་༡༠ པའི་ཚེས་༡༦ གི་ཕྱི་རུ་ ཆརཔ་རྐྱབ་སྟེ་ འབྱ་བརྔ་མི་མང་ཤོས་ མེདཔ་གཏང་ཡོདཔ་ཨིན་པས།

གཡུས་མི་ཚུ་གིས་ སླབ་མིའི་ནང་ ཆར་རྐྱབ་ནི་དེ་གིས་ འབྱ་རྔ་མི་ཚུ་ མེདཔ་གཏང་ཡོདཔ་ད་ གལ་སྲིད་ ཆརཔ་འཕྲོ་མཐུད་དེ་ར་ རྐྱབ་པ་ཅིན་ ཧེང་སྐལ་ར་ མེདཔ་གཏང་ནི་མས་ཟེར་ཨིན་པས།

གླང་མཐིལ་རྒེད་འོག་ གླིང་ལྡིངས་ལུ་ སོ་ནམ་གྱི་ལས་འགུལ་ཅིག་ འགོ་བཙུགས་ཡོད་མི་ནང་ འབྱ་ཞིང་ཨེ་ཀར་༥ དེ་ཅིག་ ཆརཔ་གིས་ མེདཔ་གཏང་ཡོདཔ་ད་ ལས་འགུལ་འགོ་འདྲེན་པ་ ཐར་ཕྱིན་གྱིས་ འབད་བ་ཅིན་ བདུན་ཕྲག་༢ ཀྱི་རྒྱབ་ལས་ འབྱ་བརྔ་ནིའི་འཆར་གཞི་ཡོད་ཟེར་ཨིནམ་ད་ དུས་ཅི་ཆར་རྐྱབ་ནི་དེ་གིས་ རེད་ཀྱི་ཐོན་སྐྱེད་བརྒྱ་ཆ་༣༠ དེ་ཅིག་ མར་འབབ་འགྱོ་ནི་མས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ལས་འགུལ་དེ་ སི་ཨེས་ཨའི་ལས་ སྐྱིན་འགྲུལ་ཞུ་སྟེ་ འགོ་བཙུགས་ཡོདཔ་ད་ སྐྱིན་འགྲུལ་ལེན་པའི་སྐབས་ དངུལ་ཀྲམ་༧༢,༠༠༠ ཉེན་བཅོལ་གྱི་དོན་ལུ་ཨིན་ཟེར་ བཏོགས་མི་དེ་ ཞིང་ལཱ་གི་ཉེན་བཅོལ་འོང་མནོ་སྡོད་ཡོད་རུང་ མ་དངུལ་དེ་ ལས་འགུལ་ནང་ལཱ་འབད་མི་གི་ ཉེན་བཅོལ་ཨིནམ་ལས་ ལོ་ཐོག་གི་ཉེན་བཅོལ་མིན་འདུག་ཟེར་ཨིན་པས།

གླིང་ལྡིངས་ལས་འགུལ་དེ་ དངུལ་ཀྲམ་ས་ཡ་༡.༧ བཏང་ཐོག་ འགོ་བཙུགས་ཡོདཔ་ད་ མ་དངུལ་ས་ཡ་༡ རྒྱལ་ཡོངས་སི་ཨེས་ཨའི་ལས་ སྐྱིན་འགྲུལ་ལེན་ཡོད་པའི་ཁར་ དངུལ་ཀྲམ་འབུམ་༧ ལས་འགུལ་འགོ་འདྲེན་པ་གིས་བཏང་ཡོདཔ་ད་ འབྱ་མ་བསྡུཝ་ལས་ ཆརཔ་གིས་མེདཔ་བཏང་མི་ལུ་བརྟེན་ སྐྱིན་ཚབ་ག་དེ་སྦེ་ སྤྲོད་ཚུགས་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

ཐར་ཕྱིན་གྱིས་ སླབ་མིའི་ནང་ ད་ཚུན་ལུ་ ལཱ་རྩ་འགེངས་འབད་དེ་ ན་འཐན་ར་ ལོ་ཐོག་བསྡུ་རནམ་ད་ མེདཔ་བཏང་ཡོདཔ་ལས་ སོ་ནམ་ལཱ་འབད་ནིའི་ནང་ སྒྱིད་ཐག་སྐྱུརཝ་མས་ཟེར་ཨིན་པས།

གནད་དོན་དེ་ རྒེད་འོག་སོ་ནམ་རྒྱ་སྐྱེད་ལྟེ་བ་ལུ་ སྙན་ཞུ་འབད་ཡོདཔ་ལས་ ཞིབ་དཔྱད་འབད་ཞིནམ་ལས་ འབྲེལ་ཡོད་དབང་འཛིན་ལུ་ སྙན་ཞུ་འབད་བའི་རེ་བ་ཡོད་ཟེར་ཨིན་པས།

འདི་དང་འདྲཝ་སྦེ་ ནུབ་སྦིས་རྒེད་འོག་ དགའ་དགའ་དཀར་ཤོང་གི་ གཡུས་མི་ཚུ་ཡང་ འབྱ་རྔ་ཚར་ཏེ་ཡོདཔ་བཞིན་དུ་ ད་རེས་ཆརཔ་རྐྱབ་མི་གིས་ མང་ཤོས་མེདཔ་གཏང་ཡོདཔ་ད་ དགའ་དགའ་དཀར་ཤོང་ཚོགས་པ་ སྐལ་བཟང་འགྱུར་མེད་ཀྱིས་ སླབ་མིའི་ནང་ སྤྱི་འོག་ནང་ཁྱིམ་གུང་༧༢ ཡོད་ས་ལས་ ཁྱིམ་གུང་དག་པ་ཅིག་གིས་ འབྱཱ་བསྡུ་ཚར་ཡོད་རུང་ གཡུས་མི་མང་ཤོས་ར་ ད་ལྟོ་ བསྡུ་ནི་འབད་ཡོདཔ་ལས་ མེདཔ་བཏང་ཡི་ཟེར་ཨིན་པས།

གལ་སྲིད་ ཆརཔ་འཕྲོ་མཐུད་དེ་ར་རྐྱབ་པ་ཅིན་ ཧེང་སྐལ་ར་མེདཔ་གཏང་འོང་ཟེར་ཨིནམ་ད་ ད་རེས་ ཆརཔ་གིས་ སྦང་མི་ལུ་བརྟེན་ ཐོན་ཤུགས་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།

སྟང་སི་སྦྱིས་ཚོགས་པ་དབང་ཕྱུག་གིས་ སླབ་མིའི་ནང་ ས་གནས་ནང་ འབྱ་བརྔ་ནི་ འགོ་བཙུགས་ཡོད་རུང་ གནོད་སྐྱོན་སྦོམ་ར་ མ་རྐྱབ་ཟེར་ཨིནམ་ད་ ཆརཔ་འཕྲོ་མཐུད་དེ་རྐྱབ་པ་ཅིན་ གནོད་སྐྱོན་འབྱུང་འོང་ཟེར་ཨིན་པས།

སྟང་སི་སྦྱིས་དང་ བྲག་སྟེང་ དེ་ལས་ གླང་མཐིལ་རྒེད་འོག་ནང་ གཞུང་འབྲེལ་ལུ་ གནོད་པ་རྐྱབ་ཡོད་པའི་ སྙན་ཞུ་མ་ལྷོདཔ་ད་ སྐོར་ཕུག་རྒེད་འོག་ནང་ འབད་བ་ཅིན་ ད་ལྟོ་ འབྱ་བརྔ་ནི་འགོ་མ་བཙུགསཔ་ལས་ གནོདཔ་མ་རྐྱབ་པར་ཡོདཔ་སྦེ་ རྒེད་འོག་འགོ་ཁྲིདཔ་ཚུ་གིས་ བཤད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *