ཀྲོང་གསར་རྫོང་བདག་ ཞི་གཡོག་ལྷན་ཚོགས་ཀྱིས་ ལོག་འབོ་ཡོདཔ།

༉ ཀྲོང་གསར་རྫོང་བདག་བསྟན་འཛིན་རྡོ་རྗེ་དེ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ལོག་འབོ་སྟེ་ ཟླཝ་ལྷགཔ་ཅིག་ ལང་ཡོདཔ་ཨིན་པས།

རྫོང་བདག་དེ་ སྒྲིག་གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་བཏང་ཡོད་པའི་ འཐོར་གཏམ་དར་ཁྱབ་སོང་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་འབད་བ་ཅིན་ མ་བདེནམ་སྦེ་ བཤདཔ་ཨིན་པས།

ཞི་གཡོག་ལྷན་ཚོགས་ཀྱི་ བཀོད་ཁྱབ་གོ་གནས་ཀྱི་ འཛིན་སྐྱོང་དང་ གོང་འཕེལ་ལྟ་རྟོག་འབད་མིའི་ བཀོད་ཁྱབ་དང་ཁྱད་རིག་འཛིན་སྐྱོང་སྡེ་ཚན་གྱིས་ ཀྲོང་གསར་རྫོང་བདག་དེ་ ལོག་འབོ་ཡོདཔ་སྦེ་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྫོང་བདག་དེ་ ལོག་འབོ་དགོ་མི་དེ་ཡང་ དམིགས་བསལ་གྱི་ གནད་དོན་མ་ཤེས་རུང་ འགོ་དཔོན་དང་འཁྲིལཝ་ད་ གཤམ་འཁོད་ཀྱི་ གནད་དོན་ལྟར་དུ་ ལོག་འབོ་ཡོདཔ་སྦེ་ཨིན་པས།

དེ་ཡང་ སྲིད་བྱུས་དང་འཁྲིལཝ་ད་ བཀོད་ཁྱབ་གནས་ཚད་ནང་ གནས་སོར་གཏང་ནི་དེ་ ཁོང་གི་ཞབས་ཏོག་དེ་ གཞུང་གི་མཐའ་དོན་ལུ་ དམིགས་ཏེ་འབད་ཡོདཔ་ད་ ལཱ་གཡོག་དེའི་དོན་ལུ་ མི་ངོམ་དེ་ འོས་འབབ་ཡོདཔ་ངེས་བརྟན་ དེ་ལས་ ཞི་གཡོག་པའི་ཉམས་མྱོང་དང་ ལྕོགས་གྲུབ་ཡར་སེང་ དེ་ལས་ ས་གནས་གཅིག་དང་ གོ་གནས་གཅིག་ ལས་སྡེ་གཅིག་ནང་ ཡུན་རིང་གནས་ནི་ལས་ འཛེམ་དགོཔ་ཨིན་པས།

ལྷན་ཚོགས་ཀྱི་ སྲིད་བྱུས་དང་ ལམ་ལུགས་དང་འཁྲིལ་ ཀྲོང་གསར་རྫོང་བདག་དེ་ ལོག་འབོ་ཡོདཔ་ད་ ལཱ་གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་བཏང་བཏངམ་ མེན་ཟེར་ཨིན་པས།

ལྷན་ཚོགས་ཀྱིས་ ཁོ་ལུ་ འོས་འབབ་ཡོད་པའི་ ལཱ་གཡོག་གི་ གོ་སྐབས་འཚོལ་ཞིབ་འབད་དེ་ བསྐོ་བཞག་འབད་འོང་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ཁ་ཐུག་ལས་ རྫོང་བདག་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་དང་ ཁྲིམས་དོན་གྱི་གནད་དོན་ ངན་ལྷད་དང་འབྲེལ་བའི་ གནས་དོན་ག་ནི་ཡང་མེད་པའི་ དོགས་སེལ་འབད་ཡོདཔ་ཨིན་་པས།

ས་གནས་ནང་གི་མི་ཚུ་གིས་ རྫོང་བདག་དེ་ སྒྲིག་གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་ བཏང་ཡོདཔ་སྦེ་ དར་ཁྱབ་སོང་ཡོདཔ་ཨིན་རུང་ གནས་དོན་དེའི་སྐོར་ལས་ ཧིང་སངས་ས་ཅིག་ ག་གི་ཡང་ མ་ཤེས་པར་འདུག།

ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ཡང་ རྫོང་བདག་དེ་ སྒྲིག་གཡོག་ནང་མེདཔ་སྦེ་ ཧ་གོ་ཡོདཔ་ཨིན་རུང་ ད་རེས་ ག་ཏེ་ཡོདཔ་ཨིན་ན་དང་ གནད་དོན་ག་ཅི་ལུ་བརྟེན་ ཟླཝ་ལྷགཔ་ཅིག་ ཡིག་ཚང་ནང་འོང་ནི་མེདཔ་ཨིན་ན་ མ་ཤེས་པར་འདུག།

ཁྲོམ་ཁར་སྡོད་མི་ཅིག་གིས་ བཤད་མིའི་ནང་ རྫོང་ཁག་ནང་ རྫོང་བདག་མེད་པའི་སྐོར་ལས་ ཧ་གོ་ཡོདཔ་མ་ཚད་ ཁྲོམ་ཁར་ རྫོང་བདག་དེ་ སྒྲིག་གཡོག་ནང་ལས་ གནས་སྐབས་ཅིག་ དགོངས་ཕོག་གཏང་ཡོད་པའི་ ལོ་རྒྱུས་ཚུ་གོཝ་ད་ ག་ཅི་འབད་ཡོདཔ་ཨིན་ན་ མ་ཤེས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ རྫོང་ཁག་གི་དབུ་ཁྲིདཔ་ རྫོང་བདག་མེད་པའི་བསྒང་ལས་ ས་གནས་ནང་ གོང་འཕེལ་གྱི་ ལཱ་ཚུ་ལུ་ ཐོག་མི་ཕོག་ག་ཟེར་བའི་ ཚ་གྱང་ཡོད་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ འགོ་དཔོན་གྱིས་ བཤད་མིའི་ནང་ ཀྲོང་གསར་རྫོང་བདག་གི་ ས་སྟོང་ཡོད་མི་དེ་ གཞུང་གི་ཁ་ཐུག་ལས་ གྲོས་ཐག་གཅད་དེ་ རྫོང་བདག་གསརཔ་ བསྐོ་བཞག་འབད་འོང་ཟེར་ཨིན་པས།

གནད་དོན་དེའི་སྐོར་ལས་ རྫོང་བདག་གི་ཁ་ཐུག་ལས་ ག་ནི་ཡང་ སླབ་ནི་མེད་ཟེར་ བཤད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *