ཀྲོང་གསར་རྫོང་བདག་བགྲེསཔ་དང་ ཁོ་རའི་གནས་ཚང་གིས་ ཉེས་མེད་ཀྱི་ སྒྲུབ་བྱེད་ཕུལ་ཡོདཔ།

༉ ཀྲོང་གསར་རྫོང་བདག་བགྲེསཔ་ ལྷབ་རྡོ་རྗེ་དང་ ཁོ་རའི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་༢ ཀྱིས་ ཀྲོང་གསར་ལུ་ ཚུལ་མིན་གྱི་ ས་ཆ་ཉོ་བཙོང་དང་འབྲེལ་བའི་ ཉེས་འཛུགས་འབད་མི་ཚུ་ བདེན་པ་མེད་པའི་ སྒྲུབ་བྱེད་ཕུལ་ཡི།

དེ་ཡང་ སྤྱི་ཟླ་༤ པའི་ཚེས་༡༩ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པའི་དྲང་དཔོན་༣ གྱིས་ སྒྲུབ་བྱེད་སྙན་གསན་སྐབས་ མཐོ་གཏུགས་པ་༢ ཀྱི་ རྒྱབ་མི་ཚུ་གིས་ ཉེས་འཛུགས་ཅན་གཉིས་ལུ་ ཉེས་མེད་ཀྱི་རྒྱབ་ཁུངས་ གློག་རིག་ནང་སྦེ་ གསལ་ཞུ་ཕུལཝ་དང་གཅིག་ཁར་ སྒྲུབ་བྱེད་ཀྱི་ ཡིག་ཆ་མ་འདྲཝ་དང་ ཚན་རིག་བརྟག་དཔྱད་ཀྱི་ སྒྲུབ་བྱེད་དང་ སྒྲ་བཟུང་ཡོད་མི་ཚུ་ ཕུལ་བའི་སྐབས་ དུས་ཡུན་ཆུ་ཚོད་༧ ལྷགཔ་ཅིག་འགོར་ཡི།

རྩོད་བཤེར་ནང་འབྲེལ་བ་ཡོད་མི་ མཐོ་གཏུགས་པ་གཞན་༤ གིས་ཡང་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ཚེས་༦ ལུ་ ཐོག་མའི་ཁྲིམས་འདུན་གྱི་ འཁྲུན་ཆོད་ལུ་ ཁེ་རྒུད་མ་བཏུབ་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

རྩོད་བཤེར་འབད་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷབ་རྡོ་རྗེ་ལུ་ ཡིག་ཆ་རྫུས་བཟོ་དང་འབྲེལ་བའི་ ཉེས་འཛུགས་ཁག་༤ དང་ ཡིག་ཚང་བྱ་སྤྱོད་དང་ གཡོ་སྒྱུའི་ཐོག་ལས་ ཡིག་ཆ་ཚུ་བཟོ་བའི་ ཉེས་འཛུགས་ཁག་༣ བཀལ་མི་དེ་ལུ་ རྫོང་ཁག་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༥ སྤྱི་བསྡོམས་སྦེ་ བཀལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་དང་ བྲག་སྟེང་རྒཔོ་བགྲེསཔ་ བསྟན་འཛིན་ལུ་ཡང་ ས་ཆ་དེ་ བཙོང་བའི་སྐབས་ཀྱི་ གན་ཡིག་རྫུས་བཟོ་དང་ ཁྲིམས་འདུན་ལུ་ ས་ཆ་བདག་དབང་སྤོ་སོར་འབད་བའི་སྐབས་ སྙན་ཞུ་བརྡ་ལོག་སྤྲོད་པའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༦ རེ་ བཀལ་ཡོདཔ་ཨིན་པས།

དེ་མ་ཚད་ ནུབ་སྦིས་རྒཔོ་ཕུན་ཚོགས་ཡང་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཐོག་ ལོ་ཕྱེད་དང་༢ ཀྱི་རིང་ བཙོན་ཁྲིམས་བཀལ་ཡོདཔ་ད་ ས་འཇལ་མི་ ན་ར་ཡཱན་ དཱང་གེལ་ལུ་ ཕན་གྲོགས་དང་ངན་བསྐུལ་འབད་བའི་ ཉེས་འཛུགས་ལུ་ བཙོན་ཁྲིམས་ལོ་ཕྱེད་དང་གཉིས་བཀལ་ནུག།

ཐོག་མའི་ཁྲིམས་འདུན་གྱིས་ འཁྲུན་ཆོད་ཚུ་ སྤྱི་ལོ་༢༠༡༩ ཟླ་༡༡ པའི་ཚེས་༡༤ ལུ་ བཏོན་ཡོདཔ་ཨིན་པས།

ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ཉེས་འཛུགས་འབད་མི་ཚུ་ག་ར་ དབྱངས་ཅན་དང་ བསོད་ནམས་ཆོས་སྒྲོན་མོ་སྤུན་༢ ལས་ ས་ཆ་ཨེ་ཀར་༢.༧༧ དང་ ཚེ་འདས་ལྷ་སྒྲོན་ལས་ ས་ཆ་ཨེ་ཀར་༢.༡༨ ཉོ་མི་དང་འབྲེལ་བའི་ གན་ཡིག་དང་ སྤྱི་ལོ་༢༠༠༥ ལུ་ ས་ཐེབས་ཨེ་ཀར་༡.༩༣༣ ཁྲིམས་མཐུན་བཟོ་མིའི་སྐོར་ལས་ཨིན་པས།

ས་ཆའི་རྙོགས་འཛིང་།

ལྷབ་རྡོ་རྗེ་གིས་ བཤེར་ཡིག་ནང་ བཀོད་མི་དང་འཁྲིལཝ་ད་ བསོད་ནམས་ཆོས་སྒྲོན་དང་ དབྱངས་ཅན་གཉིས་ཀྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་འབད་བའི་སྐབས་ ཉོགས་བཤད་ཐོན་མི་ ས་ཆ་དེ་ ཁོང་གཉིས་ཀྱི་མེན་པར་ ཁོང་གི་ཚེ་འདས་ཨའི་གིས་ གཡུས་ཁའི་ཚེ་འདས་ཚོགས་པ་ རིན་ཆེན་རྒྱལ་པོ་ལས་ གྲོགས་རམ་ལེན་ཏེ་ བཙོང་ཡོདཔ་སྦེ་ སླབ་ནུག་ཟེར་ཨིན་པས།

ཨིན་རུང་ སྤྱི་ལོ་༢༠༡༥ ལུ་ ཁོང་༢ ལྷན་ཚོགས་ཀྱིས་ དྲི་དཔྱད་འབད་བའི་སྐབས་ དྲང་དཔོན་བགྲེསཔ་ ཨོ་རྒྱན་བསྟན་འཛིན་གྱིས་ ལྷན་ཚོགས་ཀྱི་ ཡིག་ཚང་ཚུན་ ཁྱིད་སོང་སྟེ་ ས་ཆ་དེ་གི་ ཉོ་བཙོང་སྐོར་ལས་ ག་ནི་ཡང་ མི་ཤེས་ཟེར་ སླབ་དགོཔ་སྦེ་ སྟོན་བྱིན་ནི་དེ་གིས་ ས་བཙོང་པའི་སྐོར་ ཤེས་རྟོགས་མེད་པའི་ཁར་ ཚོགས་པ་རིན་ཆེན་རྒྱལ་པོ་ལུ་ཡང་ དབང་ཆ་སྤྲོད་དེ་མེད་ཟེར་ སླབ་མི་ལུ་བརྟེན་ དབྱངས་ཅན་གྱི་རྨགཔ་ ཨོ་རྒྱན་བསྟན་འཛིན་དང་ ཀརྨ་ཚེ་རིང་སྒྲོལ་མ་༢ ལུ་ བཙོན་ཁྲིམས་ཕོག་ཡོད་ཟེར་ ལྷབ་རྡོ་རྗེའི་ རྒྱབ་མི་གིས་ ཁྲིམས་འདུན་ལུ་ཞུ་ནུག།

ཀརྨ་ཚུལ་ཁྲིམས་སྒྲོལ་མ་གི་ རྒྱབ་མི་གིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཕྱོགས་ལྷུང་འབད་ནི་དེ་གིས་ རྩོད་བཤེར་ནང་འབྲེལ་བ་ཡོད་མི་ དྲང་དཔོན་བགྲེསཔ་ ཨོ་རྒྱན་བསྟན་འཛིན་གྱིས་ ཁོ་རའི་ཨམ་སྲུའི་ཨ་པ་ ཀུན་བཟང་རྡོ་རྗེ་དང་ བཟའ་ཚང་གིས་ ཀྲོང་གསར་ལུ་ཡོད་མི་ སའི་ཚབ་ལུ་ སྤྱི་ལོ་༢༠༠༣ ལུ་ གཞུང་ཞབས་ལས་ དགེ་ལེགས་ཕུག་ལུ་ ས་ཆ་ཨེ་ཀར་༥ སྐྱིད་སྡུག་གནང་ཡོད་མིའི་སྐོར་ མ་ཤེས་པས་ཟེར་ཨིན་པས།

དེ་ཡང་ སྤྱི་ལོ་༢༠༠༠ ལུ་ བཟའ་ཚང་དེ་གིས་ ས་ཚབ་དེ་ ཐིམ་ཕུག་ལས་དགོཔ་སྦེ་ སླབ་མི་དེ་ མ་ཐོབ་པའི་ཤུལ་ལས་ ས་ཚབ་མ་ལེན་པར་ ལུས་ཡོད་རུང་ དྲང་དཔོན་བགྲེསཔ་གིས་ སྤྱི་ལོ་༢༠༠༣ ལུ་ ས་ཆ་དེའི་དོན་ལུ་ ས་ཚབ་དགོཔ་སྦེ་ ཞུ་ཡིག་བཙུགས་ཏེ་ སྤྱི་ལོ་༢༠༠༣ ལུ་ ཁོ་གིས་ དགེ་ལེགས་ཕུག་ལས་ ཐོབ་ནུག་ཟེར་ཨིན་པས།

ས་ཚབ་ཀེ་ཨར་༥ པོ་དེ་ སྤྱི་ལོ་༢༠༠༣ ཟླ་༤ པའི་ཚེས་༤ ལུ་ ཀུན་བཟང་རྡོ་རྗེ་དང་ བཟའ་ཚང་ནང་མི་༡༢ ཀྱི་ མིང་ཐོ་ཁར་གནང་ཡོད་རུང་ དྲང་དཔོན་བགྲེསཔ་དེ་ ཀུན་བཟང་རྡོ་རྗེའི་ བུ་མོའི་རྨགཔ་རྐྱངམ་གཅིག་མ་གཏོགས་ ནང་མི་ཡང་མེན་རུང་ ས་ཚབ་དེ་ ཁོ་གིས་ ཐོབ་སྟེ་འདུག་ཟེར་ཞུ་ཡི།

ས་ཆ་དེ་ ཨོ་རྒྱན་བསྟན་འཛིན་གྱིས་ ཀུན་བཟང་རྡོ་རྗེ་དང་ ཁོ་གི་བར་ན་ ཁྱོསམ་སྦེ་བྱིན་ཡོད་པའི་ གན་ཡིག་རྫུས་མ་བཟོ་སྟེ་ དེ་ནང་ བཟའ་ཚང་༡༢ ལས་ ཉོགས་མེད་ཡི་གུ་ཡང་མེད་པར་ འབད་ཡོད་པའི་ཁར་ སྐྱིད་སྡུག་གི་ ས་ཆ་ཉོ་བཙོང་འཐབ་ནི་གི་ ལམ་ལུགས་ལས་བརྒལ་ཏེ་ ས་ཆ་དེ་ བཀའ་ཤོག་གནང་བའི་ཤུལ་ལས་ ཟླཝ་དག་པ་ཅིག་ནང་ དགེ་ལེགས་ཕུག་ཁྲིམས་འདུན་བརྒྱུད་དེ་ ཁོ་རའི་མིང་ཐོ་ཁར་ བཀོད་ནུག་ཟེར་ཞུ་ཡི།

རྒྱབ་མི་གིས་ གན་ཡིག་དེ་ནང་བཀོད་མི་ ལག་རྟགས་དེ་ཡང་ ཨོ་རྒྱན་བསྟན་འཛིན་གྱིས་ རྫུས་བཟོ་འབད་དེ་ རྐྱབ་ནུག་ཟེར་ ཞུ་ཡོདཔ་ད་ ཀུན་བཟང་རྡོ་རྗེ་དང་ ཨོ་རྒྱན་བསྟན་འཛིན་གྱི་བར་ན་ སྤྱི་ལོ་༢༠༠༤ ཟླ་༥ པའི་ཚེས་༢༥ ལུ་ ཁྱོསམ་སྦེ་བྱིན་པའི་གན་ཡིག་དང་ ལོ་དེ་གི་ སྤྱི་ཟླ་༦ པའི་ཚེས་༡ ལུ་ ཁོང་གཉིས་ཀྱི་བར་ན་ ས་ཆ་སྤོ་སོར་འབྲི་ཤོག་ དེ་བཟུམ་སྦེ་ ལོ་དེ་གི་ སྤྱི་ཟླ་༩ པའི་ཚེས་༢༩ ལུ་ དགེ་ལེགས་ཕུག་གི་ ས་ཆའི་དོན་ལུ་ འཁྲུན་ཆོད་བཏོན་པའི་སྐབས་ལུ་བཀོད་མི་ ལག་རྟགས་ཚུ་ ཚན་རིག་བརྟག་དཔྱད་འབད་བའི་སྐབས་ ཀུན་བཟང་རྡོ་རྗེ་གིས་ མ་རྐྱབ་པའི་ གསལ་སྟོན་བྱུང་ཡི་ཟེར་ཞུ་ཡི།

ས་ཆ་དེ་བཟུམ་ མིང་ཐོ་སྤོ་བའི་སྐབས་ འཐུས་མི་བཟའ་ཚང་ཚུ་ལས་ ཉོགས་མེད་ཡི་གུ་དགོཔ་ཨིན་རུང་ ཁྲིམས་འདུན་ལུ་ ཕུད་ རྡོག་གཅིག་ཡང་ མ་ཕུལ་བས་ཟེར་ཨིན་པས།

བསོད་ནམས་ཆོས་སྒྲོན་དང་ དབྱངས་ཅན་དང་ མཐོ་གཏུགས་པའི་བར་ན་འབད་མི་ སའི་ཉོ་བཙོང་དེ་ ཁྲིམས་མཐུན་ཨིན་རུང་ དགེ་ལེགས་ཕུག་གི་ ས་ཆ་དེ་ གཡོ་སྒྱུ་ཨིནམ་ལས་ ཨོ་རྒྱན་བསྟན་འཛིན་ལས་ལེན་ཏེ་ གཞུང་ལུ་ སོར་ཆུད་འབད་ཐོག་ལས་ དེ་དང་བསྟུན་པའི་ འགན་འཁྲི་དེ་ ཁོ་ལུ་བཀལ་དགོཔ་འདུག་ཟེར་ རྒྱབ་མི་གིས་ཞུ་ཡི།

རྒྱབ་མི་གིས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་དང་ ལྷབ་རྡོ་རྗེ་ དེ་ལས་ ཨོ་རྒྱན་བསྟན་འཛིན་༣ གྱི་བར་ན་ བློ་སླབ་ད་ སྒྲ་བཟུང་བཞག་མི་དེ་ ཁྲིམས་འདུན་ལུ་ སྒྲུབ་བྱེད་སྦེ་ ཕུལ་ཡོདཔ་ད་ དེ་ནང་ ཁོ་རའི་གནས་ཚང་ དབྱངས་ཅན་གྱི་ ས་ཆ་དེ་ བཙོང་ནིའི་དོན་ལུ་ ཨམ་སྲུ་གི་ དབང་ཆའི་ཡི་གུ་ནང་ ལག་རྟགས་བཀོད་ཡོད་པའི་སྐོར་ལས་ སླབ་སྟེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ སྒྲ་བཟུང་དེ་ནང་ ཁོ་གིས་ ཨམ་སྲུའི་སྤུན་ཆ་ཚུ་གིས་ ས་ཆ་དེའི་དོན་ལུ་ ཏི་རུ་ལེན་ཡོད་པའི་སྐོར་ལས་ཡང་ ཤེས་རྟོགས་ཡོད་པའི་སྐོར་ལས་ སླབ་ནི་འདུག་ཟེར་ ཞུ་ཡོདཔ་ད་ ས་ཆ་དེའི་ཐོ་ཚུ་ རྒྱལ་ཡོངས་ས་འཇལ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་དང་གཅིག་ཁར་ མགུ་མཐུད་རྐྱབ་སྟེ་ མེདཔ་བཏང་ཡོད་པའི་སྐོར་ལས་ཡང་ སླབ་ནི་འདུག་ཟེར་ཞུ་ཡི།

རྒྱབ་མི་གིས་འབད་བ་ཅིན་ ས་ཆ་བཙོང་མི་ རྒྱལ་མོ་གིས་ མཐོ་གཏུགས་འབད་མི་ལས་ སའི་རིན་ཐེབས་དགོཔ་སྦེ་སླབ་ད་ ངོས་ལེན་མ་འབདཝ་ལས་ མོ་གིས་ བློ་ཚུ་ག་ར་ ཕྱི་འགྱུར་སྦེ་ སླབ་ནི་འགོ་བཙུགས་ཡོདཔ་ལས་ མོ་གི་ངག་བརྗོད་ཚུ་ལུ་ ངོས་ལེན་འབད་ནི་ མི་འོང་ཟེར་ཞུ་ཡི།

མཐོ་གཏུགས་པ་གིས་ ཚན་རིག་བརྟག་དཔྱད་འབད་མིའི་ནང་ མོ་གི་ ཚེ་འདས་ཨའི་གིས་བཙོང་བའི་ གན་ཡིག་དང་ ས་ཆ་སྤོ་སོར་འདྲི་ཤོག་ དེ་ལས་ འཁྲུན་ཆོད་ནང་ ལག་རྟགས་རྐྱབ་མི་ག་ར་ རྒྱལམོ་གིས་ཨིནམ་སྦེ་ ཐོན་ནུག་ཟེར་ གསལ་ཞུ་ཕུལ་ཡི། 

མོ་གིས་ མོ་རའི་ཨའི་གི་ས་ཆ་དེ་ ཤེས་བཞིན་དུ་ མཐོ་གཏུགས་པ་ལུ་བཙོང་བའི་ རྟགས་མཚན་སྟོནམ་མས་ཟེར་ ཞུ་བའི་ཁར་ ས་ཆ་ཉོ་བཙོང་གི་འཁྲུན་ཆོད་ཡང་ མོ་མེདཔ་ད་ མ་བཏོན་པས་ཟེར་ཞུ་ཡི།

དེ་མ་ཚད་ ས་ཆ་ཚོང་འབྲེལ་གྱི་ ཡིག་ཆ་ཚུ་ འཁྲུན་ཆོད་མ་བཏོན་པའི་ ཟླཝ་༦ གི་ཧེ་མར་ བཟོ་ཚར་ཡོདཔ་ལས་ དེའི་ཤུལ་ལས་ ལག་རྟགས་ཟེར་རུང་ འཁྲུན་ཆོད་རྐྱངམ་གཅིག་ནང་ བཀོད་དགོཔ་ལས་ མོ་གིས་ སླབ་དོ་བཟུམ་སྦེ་ ཤམ་བྷ་ལ་ཟ་ཁང་ནང་ བཀོད་ཡོད་ཟེར་མི་དེ་ འོས་འབབ་མེད་ཟེར་ཞུ་ཡི། 

མཐོ་གཏུགས་པ་གིས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱི་ འཁྲུན་ཆོད་དེ་ལུ་ ངོས་ལེན་མ་འབད་བར་ ལྷན་ཚོགས་ཀྱིས་ དངུལ་ཀྲམ་ས་ཡ་༣༠༦ གནས་མི་ སྐྱིད་གནས་ཁང་༼View Point Resort) དེ་ བཙོང་ནི་འབད་མི་ཡང་ བཀག་ཆ་འབད་ཡོདཔ་ལས་ ལྷན་ཚོགས་ཀྱིས་ རྩིས་ལེན་དགོ་ཟེར་ ཞུ་ཡོདཔ་ད་ ལྷན་ཚོགས་ཀྱིས་ ཕྱོགས་བཟུང་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ སྐྱིན་འགྲུལ་དང་ ཉེན་བཅོལ་ལ་སོགས་པ་ འབད་མ་ཚུགས་མི་ཚུ་ཡང་ ལྷན་ཚོགས་ཀྱིས་ སྐྱེད་བརྒྱ་ཆ་༡༥ དང་བཅསཔ་སྦེ་བཏབ་དགོཔ་སྦེ་ཞུ་ཡི།

ལྷབ་རྡོ་རྗེ་གིས་ ཁོ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་ཁག་༢ བཀལ་ཡོད་མི་དེ་ ཚན་རིག་ཐོག་ལས་ བརྟག་དཔྱད་འབདཝ་ད་ བདའ་ཟུན་ཚུགས་ནི་ཨིན་རུང་ རྒྱལ་མོའི་ཞུ་ཡིག་དེ་ ལྷན་ཚོགས་ལུ་ཡོདཔ་ལས་ ཁྲིམས་འདུན་ལུ་ བཏོན་མི་བཏུབ་པས་ཟེར་ཞུ་ཡི།

ཁོ་གིས་ ད་ལྟོའི་དཀའ་ངལ་ཐོན་དགོ་མི་ གཙོ་བོ་ར་ སྤྱི་ལོ་༡༩༩༩ ལས་༢༠༠༠ གི་བར་ན་ ས་འཇལ་དང་ ས་ཁྲམ་ལས་ཁུངས་ཀྱིས་ ས་འཇལ་བའི་སྐབས་ རྙོགས་འཛིང་མ་བསལ་བར་ ལུས་མི་ལུ་བརྟེན་ཨིན་མས་ཟེར་ཞུ་ཡི།

ཐོ་དེབ་དང་འཁྲིལཝ་ད་ བསོད་ནམས་ཆོས་སྒྲོན་དང་ དབྱངས་ཅན་གཉིས་ཀྱི་ ཆ་བཞག་ཁྲམ་༡༩༨༠ ནང་ལས་ ས་ཚན་ཁག་༨ བཏོགས་བཏང་ཡོད་རུང་ སྤྱི་ལོ་༢༠༠༣ གྱི་ ས་ཁྲམ་གསརཔ་ནང་ ས་ཆ་དེ་ཚུ་བཀོད་དེ་ར་ ལུས་ཡོདཔ་ལས་ དེ་དང་འཁྲིལ་ རྫོང་ཁག་གིས་ ཁོང་གཉིས་ལུ་ སྤྱི་ལོ་༢༠༠༤ ལུ་ ཁྲམ་ཨང་༥༠༥ དང་༥༠༦ སྤྲོད་ཡོདཔ་ལས་ ཁོང་གཉིས་ཀྱི་ཕམ་གིས་ སྤྱི་ལོ་༢༠༠༥ ལུ་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ བཙོང་ནུག་ཟེར་ཨིན་པས།

ལྷབ་རྡོ་རྗེ་དེ་ ཀྲོང་གསར་རྫོང་བདག་སྦེ་ སྡོད་པའི་སྐབས་ མོ་སྤུན་གཉིས་ཀྱི་ ས་ཚན་༨ ཀྱི་ས་ཚབ་དེ་ དགེ་ལེགས་ཕུག་ལས་ཐོབ་ད་ ས་འཇལ་མི་སྡེ་ཚན་ལུ་ སྙན་ཞུ་མ་འབད་བས་ཟེར་ ཉེས་ཁྲིམས་བཀལ་ནུག།

སྙན་གསན་སྐབས་ དྲང་དཔོན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་ཚུ་ལུ་ ས་འཇལ་ལྷན་ཚོགས་ནང་ལས་ འགོ་དང་པ་ དཀའ་ངལ་བྱུང་སྟེ་ཡོད་པ་ཅིན་ ཉེས་འཛུགས་ག་ཅི་སྦེ་ མ་འབདཝ་སྨོ་ཟེར་བའི་ དྲི་བཀོད་ཚུ་ཡང་ འབད་ཡོདཔ་ད་ རྩོད་བཤེར་དེ་གི་ བསྐྱར་ཞིབ་སྙན་གསན་འབད་ཚར་ཡོདཔ་ལས་ འཁྲུན་ཆོད་བཏོན་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *