སྔོ་ཇ་འཛུགས་སྐྱོང་འབད་མི་ ཀྲོང་གསར་བྲག་སྟེང་རྒེད་འོག།

ཀྲོང་གསར་བྲག་སྟེང་རྒེད་འོག་ནང་ སྔོ་ཇའི་ཐོན་ཤུགས་ གོང་འཕེལ་གཏང་ནི།

༉ ཀྲོང་གསར་ བྲག་སྟེང་རྒེད་འོག་ནང་ སྔོ་ཇའི་ཐོན་ཤུགས་གོང་འཕེལ་གཏང་ནིའི་དོན་ལུ་ ཤུལ་མའི་རྩིས་ལོ་ནང་ རྫོང་ཁག་བདག་སྐྱོང་གིས་ འཆར་གཞི་ནང་བཙུགས་ཏེ་ གོང་འཕེལ་གཏང་ནི་ཨིན་པས།
དེ་ཡང་ རྒེད་འོག་བདག་སྐྱོང་གིས་ ཐོན་ཤུགས་གོང་འཕེལ་གཏང་ནིའི་དོན་ལུ་ རྫོང་ཁག་གནང་བྱིན་མ་དངུལ་ཐོག་ལས་ དངུལ་ཀྲམ་ས་ཡ་༢ དགོ་པའི་ཞུ་བ་ ཕྱིར་བཏོན་འབད་མི་ལུ་ དྲི་བཀོད་འབད་བའི་སྐབས་ བཤད་ཅི།
བྲག་སྟེང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ རྫོང་ཁག་གནང་བྱིན་མ་དངུལ་ཐོག་ལས་ རྒེད་འོག་གཞན་མི་ཚུ་ནང་ སོ་ནམ་ཞིང་ལམ་བསལ་ནིའི་དོན་ལུ་ འཆར་དངུལ་བཏང་ཡོདཔ་ལས་ ཁོ་གིས་འབད་བ་ཅིན་ སོ་ནམ་ཞིང་ལམ་བསལ་ནི་དེ་ རྒེད་འོག་གིས་ དུས་རྒྱུན་འབད་བའི་ལཱ་ཨིན་པའི་ཁར་ འཕྲུལ་ཆས་ཡང་ འཐོབ་ཆོག་ཆོ་ཡོདཔ་ལས་ རྒེད་འོག་གིས་ འབད་ཚུགས་པའི་ལཱ་ཅིག་ཨིན་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཇ་ཤིང་ལྕངམ་ཚུ་ བཀྲམ་སྤེལ་འབད་བ་ཅིན་ མི་སེར་གྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ནུས་ཡོདཔ་ལས་ རྒེད་འོག་བདག་སྐྱོང་གི་ ལྕངམ་དང་ཐོན་ཤུགས་གོང་འཕེལ་གཏང་ནིའི་དོན་ལུ་ འཆར་དངུལ་དགོ་པའི་ གྲོས་འབུལ་བཙུགས་ཅི་ཟེར་ཨིན་པས།
ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ སྔོ་ཇའི་ཚོང་འབྲེལ་དེ་ ལེགས་ཤོམ་འབད་འགྱོ་དོ་ཡོད་རུང་ ཐོན་ཤུགས་ལངམ་སྦེ་མེདཔ་ལས་ ད་ལྟོ་ འཆར་དངུལ་སྦོམ་གཏང་ནི་དེ་ འོས་འབབ་མི་མཐོང་པས་ཟེར་ཨིནམ་ད་ ཞིབ་འཚོལ་དང་ འཆར་གཞི་ལེགས་ཤོམ་སྦེ་བརྩམ་སྟེ་ ཤུལ་མའི་འཆར་ལོ་ནང་ གཙོ་རིམ་བཟུང་སྟེ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
སྔོ་ཇའི་ལཱ་དེ་ ད་ལྟོ་ འཐུས་མི་༢༩ འབད་མི་ མཉམ་ལས་ཚོགས་སྡེ་གིས་འབད་དོ་ཡོདཔ་ད་ འཕྲུལ་རིག་མེད་མི་དང་ འཐུས་མི་ཉུང་མི་ལུ་བརྟེན་ ཐོན་སྐྱེད་ལངམ་སྦེ་ བཟོ་མི་ཚུགས་དོ་ཡོདཔ་ཨིན་པས།
རྒེད་འོག་གི་ཁ་ཐུག་ལས་ འོང་འབབ་བཟོ་ནིའི་དོན་ལུ་ དངུལ་ཐོག་གཞན་མེདཔ་ལས་ ཇའི་ལྕང་སོན་དེ་ མི་སེར་ག་ར་ལུ་ བཀྲམ་སྤེལ་འབད་དེ་ ཐོན་ཤུགས་མངམ་བཟོ་ནི་ཨིན་པས།
སྔོ་ཇའི་ལྕངམ་ འཛུགས་སྐྱོང་འབད་ཞིནམ་ལས་ ལོ་༣ ཚུན་ གཅེས་སྐྱོང་འབད་དགོཔ་ད་ དེའི་ཤུལ་ལས་ ལོ་༢༠ དེ་ཅིག་ ཇའི་འདབ་མ་བསྡུ་ལེན་འབད་དེ་ འོང་འབབ་བཟོ་ཚུགས་ནི་ཨིན་པས།
སྔོ་ཇ་བརྔོ་ནིའི་ འཕྲུལ་ཆས་དང་ སྒྲིལ་ནིའི་འཕྲུལ་ཆས་མེདཔ་ལས་ འཐུས་མི་ཚུ་ ཇ་བཟོ་བར་འོངམ་ད་ སྐོར་རྒྱབ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ རྒེད་འོག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ རྫོང་ཁག་སོ་ནམ་ཁ་ཐུག་ལས་ བརྔོ་འཕྲུལ་དང་ སྒྲིལ་འཕྲུལ་ཅིག་ ཉོ་ཡོད་མི་དེ་ འཕྲལ་མགྱོགས་ར་ ལྷོད་ནི་ཨིན་པས།
འཐུས་མི་ཅིག་གིས་ སླབ་མིའི་ནང་ ཇའི་ལཱ་འབད་ནི་དེ་ ལོ་ཐོག་གཞན་དང་ཕྱདཔ་ད་ འཇམ་ཏོང་ཏོ་ཨིནམ་ད་ དེ་ཡང་ ཐོག་གཞན་བཟུམ་སྦེ་ རི་དྭགས་སེམས་ཅན་ལས་ སྲུང་མ་དགོ་པའི་ཁར་ ལཱ་ཤུགས་བཏོན་དགོཔ་མེད་ཟེར་ཨིན་པས།
ད་ལྟོ་ ཇ་བཟོ་ནིའི་ལཱ་དེ་ ཁང་ཚན་༣ འབད་མི་ ཁྱིམ་ཅིག་ནང་སྦེ་ མཉམ་ལས་ཚོགས་སྡེའི་ འཐུས་མི་ཚུ་གིས་ འབད་དོ་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *