སྐོར་ཕུག་རྒཔོ་ སངས་རྒྱས་མཁའ་འགྲོ་གིས་ རྫོང་ཁག་ཚོགས་འདུ་ཐེངས་༦ པའི་ནང་ གསལ་ཞུ་འབད་བའི་བསྒང་།

ཀྲོང་གསར་ཉིམ་གཤོང་སློབ་གྲྭ་ཆུང་བ་ ནང་སྡོད་སློབ་གྲྭ་བཟོ་དགོ་པའི་ གྲོས་འབུལ་ཕུལ་ནི།

༉ ཀྲོང་གསར་སྐོར་ཕུག་རྒེད་འོག་གི་ ཉིམ་གཤོང་སློབ་གྲྭ་ཆུང་བ་དེ་ ནང་སྡོད་སློབ་གྲྭ་བཟོ་ནི་སྦེ་ རྫོང་ཁག་ཚོགས་འདུ་ཐེངས་༣ པའི་ནང་ གྲོས་ཐག་བཅད་ཡོད་རུང་ མཐར་འཁྱོལ་འབྱུང་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
རྒེད་འོག་ཚོགས་འདུ་དང་ རྫོང་ཁག་ཚོགས་སྡེ་ནང་ ཉིམ་གཤོང་ལུ་ སློབ་ཕྲུག་གྱངས་ཁ་མངམ་ཡོད་མི་ལུ་བརྟེན་ ནབ་སྦྱིས་ སློབ་གྲྭ་ནང་ཡོད་པའི་ ནང་སྡོད་ཐུན་རྐྱེན་ཚུ་ ཉིམ་གཤོང་ལུ་ བསྐྱལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
གནད་དོན་དེ་ རྫོང་ཁག་ཚོགས་འདུ་ཐེངས་༥ པའི་ནང་ གྲོས་བསྡུར་འབད་ཡོདཔ་ད་ དེ་བསྒང་ རྫོང་བདག་གིས་ མི་སེར་ཚུ་དང་ཕྱད་ཞིནམ་ལས་ གྲོས་བསྟུན་འབད་ནི་སྦེ་ ཐག་བཅད་ཡོད་རུང་ རྒེད་འོག་བདག་སྐྱོང་དང་འཁྲིལཝ་ད་ ག་ནི་ཡང་འབད་མ་ཚུགས་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ འཚོགས་ཡོད་པའི་ རྫོང་ཁག་ཚོགས་འདུ་ཐེངས་༦ པའི་སྐབས་ སྐོར་ཕུག་རྒཔོ་སངས་རྒྱས་མཁའ་འགྲོ་གིས་ གནད་དོན་དེ་ ག་ནི་ཡང་འབད་མ་ཚུགས་པར་ ལུས་ཡོདཔ་ལས་ རྫོང་ཁག་ཚོགས་འདུའི་ཁ་ཐུག་ལས་ འདས་པའི་ཚོགས་ཐེངས་ནང་ ཐག་བཅད་མི་དེ་ ངོས་ལེན་མ་འབད་བར་ ལུས་ཡོདཔ་ལས་ ད་རེས་ ཚོགས་འདུ་ནང་ལས་ འདས་པའི་གྲོས་ཐག་དེ་ ཆ་མེད་ཨིན་ཟེར་བའི་ བཀའ་རྒྱ་གནང་དགོཔ་སྦེ་ ཞུ་ཡི།
ཁོ་གིས་ སླབ་མིའི་ནང་ ཚོགས་འདུ་གིས་ གྲོས་ཐག་བཅད་མི་དང་བསྟུན་ མི་སེར་ཚུ་ལུ་ གསལ་བཤད་འབད་རུང་ དང་ལེན་འབད་ནི་མེདཔ་ལས་ མི་སེར་གྱིས་ ཞུ་བ་འབད་དོ་ཡོདཔ་ལས་ གྲོས་ཐག་བཅད་མི་དེ་ ཆ་མེད་ཨིན་ཟེར་བ་ཅིན་ མི་སེར་ལུ་ ལོག་བཤད་བྱིན་པའི་སྐབས་ སྟབས་མི་བདེ་ནི་མས་ཟེར་ ཨིན་པས།
སྐོར་ཕུག་ལུ་ མི་སྡེ་སློབ་གྲྭ་༣ ཡོད་པའི་གྲས་ སྐོར་ཕུག་སློབ་གྲྭ་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མི་ ཉུང་སུ་ཅིག་ལས་མེད་ནི་དེ་གིས་ སློབ་གྲྭ་དེ་ དུས་ཅི་ སྒོ་བསྡམ་ཞིནམ་ལས་ ནབ་སྦྱིས་སློབ་གྲྭ་ནང་ བཏང་ཡོདཔ་ཨིན་པས།
ཨིན་རུང་ རྫོང་ཁག་འཚོགས་འདུ་གིས་ ཀྲོང་གསར་ལུ་ ཉིམ་གཤོང་གཡུས་ཚན་དེ་ དབུལ་ཕོངས་ཀྱི་གནས་ཚད་ མཐོ་དྲགས་ཅིག་ཨིན་པའི་ ས་གནས་ཅིག་ཨིནམ་བཞིན་དུ་ སློབ་གྲྭ་དེ་ནང་ ནང་སྡོད་ཞབས་ཏོག་ཡོད་པའི་ སློབ་གྲྭ་བཟོ་ནི་ལུ་ འོས་འབབ་ཡོདཔ་སྦེ་ཨིན་པས།
ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ཉིམ་གཤོང་ལུ་ ཨ་ལོ་མངམ་ཡོདཔ་ལས་ ལྟོ་ཐོབ་སློབ་གྲྭ་སྦེ་བཟོ་ནི་ལུ་ རྒེད་འོག་དང་ རྫོང་ཁག་ཚོགས་འདུ་ནང་ གྲོས་ཐག་བཅད་ནུག་ཟེར་ཨིནམ་ད་ རྒེད་འོག་ལྟེ་བ་དེ་ ནབ་སྦྱིས་ལུ་འབདཝ་ལས་ ནང་སྡོད་མཐུན་རྐྱེན་དེ་ ནབ་སྦྱིས་ལུ་ བཞག་སྟེ་འདུག་ཟེར་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ གཞུང་གི་སྲིད་བྱུས་དང་འཁྲིལ་བ་ཅིན་ ནབ་སྦྱིས་ལུ་ ཨ་ལོ་༡༨ མ་གཏོགས་མེདཔ་ལས་ སློབ་དཔོན་ཡང་ གཏང་ཐབས་མེདཔ་ད་ དེ་ཡང་ སློབ་ཕྲུག་༣༥ ལུ་ སློབ་དཔོན་༡ ཐོབ་དོ་ཡོདཔ་ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ ཉིམ་གཤོང་དང་ ནབ་སྦྱིས་སློབ་གྲྭ་༢ མཉམ་བསྡོམས་འབད་བ་ཅིན་ སྟབས་བདེ་ནི་ཨིན་རུང་ ཕྱོགས་༢ ཆ་རའི་ ཨ་ལོ་ཕམ་ཚུ་གིས་ ཨ་ལོ་ཚུ་ ཕར་ཚུར་གཏང་མི་བཏུབ་པས་ཟེར་ཨིན་པས།
ད་ལྟོ་ ཉིམ་ཤོང་སློབ་གྲྭ་དེ་ ཉིན་མིའི་ ལྟོ་ཐོབ་སློབ་གྲྭ་ཅིག་ཨིནམ་ད་ ནང་སྡོད་སློབ་གྲྭ་སྦེ་ བཟོ་ནིའི་དོན་ལུ་ རྫོང་ཁག་ཤེས་རིག་སྡེ་ཚན་གྱིས་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་འོང་ཟེར་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ འདས་པའི་ཚོགས་འདུ་གིས་ ཉིམ་གཤོང་ལུ་ ནང་སྡོད་སློབ་གྲྭ་བཟོ་ནིའི་ འོས་འབབ་ཡོདཔ་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ བསྒྱུར་བཅོས་མི་འབད་ཟེར་ཨིནམ་ད་ ནབ་སྦྱིས་ལུ་ཡོད་པའི་ ཐུན་རྐྱེན་ཚུ་ རང་འཇགས་བཞག་ཞིནམ་ལས་ ཉིམ་གཤོང་ལུ་ ནང་སྡོད་མཐུན་རྐྱེན་དགོ་པའི་ ཞུ་བ་ཕུལ་བ་ཅིན་ ལེགས་ཤོམ་འོང་ཟེར་ ཨིན་པས།
རྫོང་ཁག་ཚོགས་འདུའི་ཁ་ཐུག་ལས་ ཤེས་རིག་ལྷན་ཁག་ལུ་ ཉིམ་གཤོང་གཡུས་ཚན་དེ་ དབུལ་ཕོངས་ཀྱི་ སྤྱི་འོག་ཨིན་པའི་ཁར་ སློབ་གྲྭ་ནང་ སློབ་ཕྲུག་ཡང་ གངམ་མེདཔ་ལས་ ལྷན་ཁག་ཁ་ཐུག་ལས་ ནང་སྡོད་སློབ་གྲྭ་ཅིག་སྦེ་ ཆ་གནས་འབད་དགོ་པའི་ གྲོས་འབུལ་ཕུལ་ནི་དང་ བྲག་སྟེང་གླང་མཐིལ་གྱི་ ཆེད་བསྟོད་ཅན་གྱི་ འཐུས་མི་ལུ་ཡང་ གནད་དོན་དེའི་ཐད་ཁར་ ཤེས་རིག་ལྷན་ཁག་ལུ་ རྒྱབ་སྐྱོར་ཞུ་དགོཔ་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *