བདག་མེད་ལུས་མི་ ཨ་ལོ་རྩེདམོ་རྩེད་སའི་ས་ཁོངས།

ཀྲོང་གསར་གྱི་ ཨ་ལོ་རྩེདམོ་རྩེད་སའི་ས་ཁོངས་ བདག་མེད་ལུས་ཡོདཔ།

༉ ཀྲོང་གསར་ཁྲོམ་གྱི་ ཉེ་འདབས་ལུ་ཡོད་པའི་ ཨ་ལོ་རྩེདམོ་རྩེད་སའི་ས་ཁོངས་དེ་ འཛིན་སྐྱོང་འཐབ་མི་མེདཔ་མ་ཚད་ ཨ་ལོ་རྩེདམོ་རྩེ་མི་ཡང་ མཐོང་ནི་མེདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལུ་ གཞི་བཙུགས་འབད་ཡོད་མི་ རྩེདམོ་རྩེད་སའི་ས་ཁོངས་དེ་ནང་ ཅ་ཆས་ཚུ་ མེདཔ་ཐལ་ཡོདཔ་མ་ཚད་ སྦོ་ལོགས་ཁར་ཡོད་མི་ གསང་སྤྱོད་དེ་ཡང་ ཁམས་ལོག་སི་སི་སྦེ་ རྒྱུན་སྐྱོང་མ་འཐབ་པར་བཞག་སྟེ་འདུག།
ཁྲོམ་སྡེའི་འཐུས་མི་ ཀརྨ་ལས་འཕྲོ་གིས་ སླབ་མིའི་ནང་ གསང་སྤྱོད་ནང་ ཆུ་མེད་ནི་དེ་གིས་ ཁམས་ལོག་སི་སི་ཅིག་ལུ་ གྱུར་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་ལུ་ སྙན་ཞུ་འབདཝ་ད་ ཆུ་བཙུགས་ནི་སྦེ་སླབ་ཡོདཔ་ཨིན་རུང་ ད་ལྟོ་ ག་ནི་ཡང་འབད་མ་ཚུགས་པར་ ལུས་ཏེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་རྐྱབ་མི་དང་ ཨ་ལོ་ཆུང་ཀུ་ཚུ་ གཅེས་སྐྱོང་ལྟེ་བ་ནང་ བཙུགས་ཡོདཔ་ལས་ ལག་ལེན་འཐབ་མི་གངམ་མེད་རུང་ གནམ་དགུན་ལུ་ ཨ་ལོ་མངམ་མཐོང་ནི་ཡོད་ཟེར་ཨིན་པས།
ཨིན་རུང་ མི་ལོ་གིས་འབད་བ་ཅིན་ ན་ཧིང་ ས་གནས་དེའི་ཉེ་འདབས་ལུ་ ལྡུམ་ར་ཅིག་ཡོད་མིའི་ནང་ སྐྱེས་ལོ་༣ འབད་མི་ཨ་ལོ་ཅིག་ ཆུ་ནང་ཐིམ་སྟེ་ ཤི་རྐྱེན་བྱུང་བའི་ཤུལ་ལས་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ རྩེདམོ་རྩེ་བར་བཏང་མི་བཏུབ་པས་ཟེར་ ཨིན་པས།
མིང་གསང་བཞག་མི་ ཚོང་པ་ཅིག་གིས་ སླབ་མིའི་ནང་ ཨ་ལོ་ཚུ་ ཁོང་ར་ རྐྱངམ་གཅིག་སྦེ་ རྩེདམོ་རྩེད་སའི་ས་ཁོངས་ནང་གཏང་པ་ཅིན་ ཉེ་འདབས་ལུ་ཡོད་མི་ ཆུ་རྫིང་ཚུ་ནང་ འཛུལ་དོ་ཡོདཔ་ལས་ ཉེན་ཁ་ཆེ་བས་ཟེར་ཨིནམ་ད་ གནད་དོན་གཅིག་ མཐུན་རྐྱེན་ཚུ་ མེདཔ་ཐལ་བའི་ཁར་ ཅ་ཆས་ཚུ་ཚངམ་སྦེ་ མིན་འདུག་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *