ཀྲོང་གསར་ གཡུ་གླིང་གཡུས་ཚན།

ཀྲོང་གསར་གཡུ་གླིང་ལུ་ གུང་མེད་མི་ཚུ་གིས་ གཡུས་སྒོའི་ལམ་ལུགས་དང་བསྟུན་ ངོས་ལེན་འབད་དགོཔ།

༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ གཡུ་གླིང་ལུ་ གཏན་འཇགས་ཀྱི་གུང་པ་༩ དང་ གུང་མེད་པར་སྡོད་མི་༡༩ དེ་ཅིག་ཡོད་མི་ཚུ་ ད་ལས་ཕར་ ལཱ་ག་ཅི་འབད་རུང་ མཉམ་རུབ་ཐོག་ལས་ འབད་དགོཔ་ཨིན་པས།

ད་ལྟོ་ ས་གནས་ནང་ ལཱ་ཚུ་འབད་བའི་སྐབས་ གཏན་འཇགས་ཀྱི་ གུང་པ་རྐྱངམ་གཅིག་གིས་འབད་དོ་ཡོདཔ་ད་ གཞི་རྟེན་མཐུན་རྐྱེན་ཚུ་ག་ར་ ཤོ་མཚུངས་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ནུབ་སྦིས་རྒཔོ་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཨྱོན་བསྟན་འཛིན་གྱིས་ སླབ་མིའི་ནང་ གཡུ་གླིང་ལུ་ ས་གནས་གཞན་ཁར་ལས་ གཞི་ཆགས་ཡོད་མི་ཚུ་ ས་ཁྲམ་ཡོད་རུང་ ཁྱིམ་གུང་མེདཔ་ལས་ ལཱ་འབད་ནི་ཚུ་ བགོ་བཀྲམ་འབད་བའི་སྐབས་ གཏན་འཇགས་སྡོད་མི་ཚུ་གིས་འབད་དོ་ཡོདཔ་ལས་ ག་ར་ འདྲ་མཉམ་ཕོག་དགོཔ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ས་གནས་དེ་ ཁྲོམ་གྱི་མངའ་འོག་ལུ་མེནམ་ལས་ རྒེད་འོག་ལུ་ སྙན་ཞུ་ལྷོད་ཡོདཔ་ལས་ དཀའ་ངལ་བསལ་ནིའི་ཐབས་ལམ་ བཏོན་དགོཔ་གལ་ཆེ་ཟེར་ཨིནམ་ད་ དེ་མེན་པ་ཅིན་ མ་འོངས་པའི་ནང་ དཀའ་ངལ་སྦོམ་འཐོན་སྲིད་ནི་མས་ཟེར་ཨིན་པས།

གཞི་ཆགས་མི་ མང་ཤོས་ར་ ལྗོངས་ཐང་དང་ དཀར་གཤོང་ལས་ཨིནམ་བཞིན་དུ་ ཁོང་ཆ་ཁྱབ་ གཡུས་ཁ་ལུ་ གུང་ལྟར་དུ་ ཕྱག་ཞུ་དོ་ཡོདཔ་ཨིན་རུང་ ཁྲི་འཛིན་གྱིས་འབད་བ་ཅིན་ གཡུས་ཁ་ལས་ རང་སོའི་ཁྱིམ་ནང་ལས་ ཐོན་འོང་ཡོདཔ་ལས་ ལོགས་སུ་སྦེ་ ཕོག་དགོཔ་ཡོད་ཟེར་ཨིན་པས།

ནུབ་སྦིས་དམངས་མི་གིས་ སླབ་མིའི་ནང་ གཞི་ཆགས་སྡོད་མི་ཚུ་ མོ་རའི་གཡུས་ཁ་ལས་ཨིནམ་ལས་ མི་སེར་ཚུ་དང་ གྲོས་བསྟུན་འབད་དེ་ ཤུལ་མིའི་ཚོགས་འདུ་ནང་ སྙན་ཞུ་འབད་ནི་སྦེ་ ཞུ་ཡོད་རུང་ འགོ་ཁྲིདཔ་མང་ཤོས་ཀྱིས་ ངོས་ལེན་མེདཔ་ལས་ རྒྱབ་སྐྱོར་འཐོབ་མ་ཚུགས་ཟེར་ཨིན་པས།

དེ་ལུ་ བྲག་སྟེང་རྒཔོ་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ སྟབས་མ་བདེཝ་དེ་ བྲག་སྟེང་རྒེད་འོག་གི་ སྟག་རྩེ་གཡུས་ཚན་ནང་ཡང་ ཡོད་ཟེར་ཨིནམ་ད་ དེ་ཡང་ མཐོ་རིམ་སློབ་གྲྭའི་ཉེ་འདབས་ལུ་ ཕྱི་ཁར་ལས་ མི་ཚུ་གིས་ ས་ཉོ་སྟེ་ ཁྱིམ་རྐྱབ་དོ་ཡོདཔ་ལས་ དེ་འཕྲོ་ལས་ ལམ་ལུགས་གཞི་བཙུགས་འབད་ནི་མེན་པར་ མི་ཚུ་དང་ གྲོས་བསྟུན་འབད་དགོཔ་གལ་ཆེ་ཟེར་ཨིན་པས།

དེ་ཡང་ གྲོས་བསྟུན་འབད་དེ་ རེ་བ་ཡོད་ལུགས་ལྟར་དུ་ ལམ་ལུགས་བཟོ་བ་ཅིན་ མ་འོངས་པའི་ནང་ མི་སེར་དང་ རྒེད་འོག་བར་ན་ སྟབས་བདེ་ཏོག་ཏོ་ འབྱུང་ཐབས་ལུ་ཨིན་ཟེར་ཨིན་པས།

རྒེད་འོག་འགོ་ཁྲིདཔ་ ལ་ལོ་ཅིག་གིས་ སླབ་མིའི་ནང་ གཏན་འཇགས་ཀྱི་མི་སེར་ཚུ་དང་ གཞི་གསརཔ་ཆགས་མིའི་བར་ན་ གྲོས་བསྟུན་འབད་དེ་ ཁོང་གི་རེ་འདོད་ཚུ་ ལེགས་ཤོམ་སྦེ་ ཧ་གོ་ཞིནམ་ལས་ གྲོས་ཐག་བཅད་དགོཔ་ གལ་ཆེ་ཟེར་ཨིན་པས།

ཨིན་རུང་ འགོ་ཁྲིདཔ་མང་ཤོས་ཀྱིས་ ག་ཏེ་ལས་འོང་རུང་ ས་གནས་ནང་སྡོད་པའི་སྐབས་ དེ་ནང་གི་ ལམ་ལུགས་ལྟར་དུ་ དང་ལེན་འབད་དགོཔ་ལས་ ད་ལྟོ་ལས་ ལམ་ལུགས་ལྟར་མ་འབད་བ་ཅིན་ དཀའ་ངལ་དེ་ སེལ་མི་ཚུགས་ཟེར་ཨིན་པས།

གླང་མཐིལ་གྱི་དམངས་མི་གིས་ སླབ་མིའི་ནང་ གཡུས་སྒོ་ནང་ གཞི་ཆགས་ཡོད་པ་ཅིན་ གཡུས་དེའི་ལམ་ལུགས་ལྟར་དུ་ ཕྱག་ཞུ་དགོཔ་གལ་ཆེ་ཟེར་ཞུ་ཡི།

གལ་སྲིད་ དེ་སྦེ་བཞག་པ་ཅིན་ མ་འོངས་པའི་ནང་ གཞི་ཆགས་མི་ ལེ་ཤ་འོངམ་ད་ བྱ་སྟབས་མ་བདེཝ་སྦོམ་འཐོན་སྲིད་ནི་ཨིནམ་ལས་ སྔར་གོང་ལས་ ལམ་ལུགས་ལེགས་ཤོམ་བཙུགས་དགོཔ་ ཁག་ཆེ་ཟེར་ཨིན་པས།

གྲོས་བསྟུན་ཡུན་རིང་འབད་བའི་ཤུལ་ལས་ ས་གནས་ག་ཏེ་ལས་འོང་རུང་ ས་གནས་ནང་གི་ ལམ་ལུགས་ལྟར་དུ་ ཕྱག་ཞུ་དགོ་ཟེར་བའི་ བརྗོད་དོན་ཐོག་ གཡུ་གླིང་ལུ་ གཞི་གསརཔ་གུང་མེད་མི་ཚུ་ གཏན་འཇགས་ཀྱི་ མི་སེར་ཚུ་དང་གཅིག་ཁར་ ག་ཅི་འབད་རུང་ མཉམ་འབྲེལ་དགོཔ་སྦེ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *