ཀོ་རོ་ན་བའེ་རཱསི་ནད་ཡམས་ལུ་བརྟེན་ བཟའ་འཐུང་གི་ཉེན་སྲུང་ལུ་ ཐོ་ཕོག་དོ་ཡོདཔ།

༉ ད་རེས་ཁམས་ འགོ་འདྲེན་འཐབ་མི་ ཞིབ་འཚོལ་སྙན་ཞུ་ཅིག་དང་འཁྲིལཝ་ད་ ཀོ་རོ་ན་བའེ་རཱསི་ནད་ཡམས་ལུ་བརྟེན་ དཔལ་འབྱོར་ལུ་ ཐོ་ཕོག་མི་དེ་གིས་ ཨེ་ཤི་ཡ་དང་ པེ་སི་ཕིག་གི་ ལུང་ཕྱོགས་ནང མི་གྲངས་ཐེར་འབུམ་༢ ལུ་ བཅུད་ལྡན་བཞེས་སྒོ་བྱིན་ནིའི་ ཐབས་ལམ་བཏོན་མི་ཚུ་ལུ་ ཐོ་ཕོག་ནི་ཨིནམ་སྦེ་ མཐོང་ཡོདཔ་ཨིན་པས།

ཞིབ་འཚོལ་དེ་ཡང་ བཟའ་སྤྱོད་དང་སོ་ནམ་ལས་ཚོགས་དང་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་མ་དངུལ་ འཛམ་གླིང་བཟའ་སྤྱོད་ལས་རིམ་ དེ་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཚུ་གིས་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

ལྷོ་ཨེ་ཤི་ཡ་ལུ་ ཧེ་མ་ལས་ བཟའ་འཐུང་ཉེན་སྲུང་མེད་པའི་ མི་འབོར་བརྒྱ་ཆ་༨༦ ཡོདཔ་ད་ ད་རེས་ ནད་ཡམས་ལུ་བརྟེན་ ཧེང་སྐལ་ར་ དཔལ་འབྱོར་དང་ བཟའ་འཐུང་ དེ་ལས་ གསོ་བའི་ལམ་ལུགས་ལུ་ གནོད་པ་བྱུང་མི་ལུ་བརྟེན་ ཟས་བཅུད་ལུ་ བར་ཆད་སྦོམ་འབྱུང་བའི་ ཉེན་ཁ་ཡོདཔ་ཨིན་པས།

དེ་དང་འདྲཝ་སྦེ་ འབྲུག་ལུ་ཡང་ ནད་ཡམས་ལུ་བརྟེན་པའི་ བཟའ་འཐུང་གི་ཉེན་སྲུང་དང་ ཟས་བཅུད་ཚུ་ལུ་ཡང་ ཐོ་ཕོག་པའི་ཚ་གྱང་ འདྲན་འདྲ་སྦེ་ར་ ཡོདཔ་ཨིན་པས།

བཟའ་སྤྱོད་དང་སོ་ནམ་ལས་ཚོགས་ཀྱིས་ ཚོད་དཔག་འབད་མི་དང་འཁྲིལཝ་ད་ ནད་ཡམས་ཀྱིས་ འཛམ་གླིང་ནང་གི་ སྤྱིར་སྙོམས་ནང་འཁོད་ཐོན་སྐྱེད་བརྒྱ་ཆ་༡༠ མར་འབབ་འགྱོ་ནི་ཨིནམ་ལས་ འཛམ་གླིང་ནང་ ཟས་བཅུད་མ་ལང་མི་ མི་གྲངས་ས་ཡ་༡༣༢ ཡར་སེང་འགྱོ་ནི་ཨིན་པས།

འབྲུག་ལུ་ ནད་ཡམས་ལུ་བརྟེན་པའི་ གནོད་སྐྱོན་ཚུ་ཡང་ ནང་འདྲེན་ལུ་བརྟེན་སྡོད་མི་ ཁྲོམ་སྡེ་ཚུ་ནང་ སྡོད་མི་ཚུ་ལུ་ བྱུང་ཡོདཔ་ད་ དེ་ཡང་ ས་མཚམས་བདའ་སྟེ་ མི་རྒྱུན་འགྲུལ་འཐབ་ནི་དང་ ཚོད་བསྲེ་དང་ ཤིང་འབྲས་ཚུ་ ནང་འདྲེན་འབད་ནི་ བཀག་ཆ་འབད་མི་ལུ་ བརྟེན་ཏེ་ཨིན་པས།

དེ་མ་ཚད་ སྒེར་སྡེའི་ནང་དང་ དམིགས་བསལ་དུ་ ལྟ་བཤལ་ལས་སྡེ་ཚུ་ནང་ ལཱ་འབད་མི་ཚུ་ལུ་ ལཱ་གཡོག་མེདཔ་ཐལ་ཡོདཔ་ཨིན་པས།

དེ་དང་འཁྲིལ་ བཟའ་སྤྱོད་དང་སོ་ནམ་ལས་ཚོགས་ཀྱིས་ སོ་ནམ་ལས་ཁུངས་དང མཉམ་འབྲེལ་ཐོག་ལས་ ཁྲོམ་སྡེའི་ཕྱི་ཁར་ལས་ཕར་སྡོད་མི་ ལཱ་གཡོག་བྱང་མི་ཚུ་ ཚོད་བསྲེ་འཛུགས་སྐྱོང་འབད་བཅུག་ནིའི་ ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

དེ་གི་སྐབས་ལུ་ ཐིམ་ཕུག་དང་ བུམ་ཐང་ སྤུ་ན་ཁ་ དེ་ལས་ གསར་སྤང་ཚུ་ནང་ཡང་ འཕྲུལ་རིག་ལག་ལེན་ཐོག་ལས་ ཚོད་བསྲེ་ཚུ་ འཛུགས་སྐྱོང་འབད་ནི་ལུ་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ནང་འཁོད་ཚོད་བསྲེ་ཚུ་གི་ ཕན་ཐོགས་ལུ་ གཞི་བཞག་ཐོག་ལས་ ནང་འདྲེན་འབད་མི་ ཚོད་བསྲེ་ཚུ་གི་ཚབ་ ནང་འཁོད་ལས་ ཐོན་སྐྱེད་འབད་ནིའི་དོན་ལུ་ གཞུང་གིས་ རྒྱབ་སྐྱོར་ལམ་ལུགས་དེ་ རྫོང་ཁག་༢༠ ག་རའི་ནང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།

བཟའ་སྤྱོད་དང་སོ་ནམ་ལས་ཚོགས་ཀྱི་ གནས་བཞུགས་ངོ་ཚབ་ལས་རོགསཔ་ ཕྱག་རྡོ་བསྟན་འཛིན་གྱིས་ ཁྱིམ་ནང་གི་ བཅུད་ལྡན་བཟའ་འཐུང་ཚུ་ བཟའ་འཐུང་གི་ གོང་ཚད་དང་འཁྲིལ་ འགྱོཝ་ཨིནམ་ལས་ གོང་ཚད་མཐོ་བའི་བསྒང་ལས་ ཟས་བཅུད་ཚུ་ལུ་ཡང་ ཐོ་ཕོགཔ་ཨིན་མས་ཟེར་ཨིན་པས།

ཀོ་བིཌ་-༡༩ ལུ་བརྟེན་ ལཱ་གཡོག་མེདཔ་ཐལ་མི་དང་འཁྲིལ་ འོང་འབབ་ཉུང་སུ་འབད་བའི་ བཟའ་ཚང་སྤྱང་ཀ་ཚུ་གིས་ གོང་ཚད་དམའ་སུ་འབད་བའི་ བཟའ་འཐུང་གི་རིགས་ཚུ་ ལག་ལེན་འཐབ་དགོཔ་ ཐོན་ཡོདཔ་ཨིན་པས།

ཀོ་བིཌ་-༡༩ འི་ནད་ཡམས་དེ་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་དེ་ར་ བྱུང་བཞིན་དུ་ཡོདཔ་ལས་ ཧེ་མ་ལས་ བཟའ་འཐུང་གི་ དཀའ་ངལ་བྱུང་སྡོད་མི་ རྒྱལ་ཁབ་ཚུ་ནང་ ཧེང་སྐལ་ར་ དཀའ་ངལ་འབྱུང་ནིའི་ ཉེན་ཁ་ཡོདཔ་ད་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་ སྤྱི་ལོ་༢༠༢༠ མཇུག་བསྡུ་ཁམས་ལུ་ ཧེང་སྐལ་ར་ མི་གྲངས་ས་ཡ་༡༣༧ ལུ་ བཐའ་འཐུང་མ་ལང་པའི་ དཀའ་ངལ་འཐོན་ནིའི་ ཚོད་དཔག་འབད་ཡོདཔ་ཨིན་པས།

འབྲུག་གིས་ བཟའ་འཐུང་བརྒྱ་ཆ་༥༠ ནང་འདྲེན་འབད་དོ་ཡོདཔ་མ་ཚད་ འདས་པའི་ལོ་གཅིག་གི་རིང་ བཟའ་འཐུང་གི་གོང་ཚད་ཚུ་ བརྒྱ་ཆ་༡༥ གིས་ ཡར་སེང་སོང་ཡོདཔ་ལས་ བཟའ་འཐུང་གི་ཉེན་སྲུང་དེ་ ཉེན་ཁ་ཐོག་ལུ་ ཡོདཔ་ཨིན་པས།

དེ་དང་འཁྲིལ་ ཨེ་ཤི་ཡ་པེ་སི་ཕིག་ ལུང་ཕྱོགས་ནང་ བཟའ་འཐུང་ཚུ་ མི་གིས་ཉོ་ཚུགསཔ་བཟོ་ནི་དང་ བཅུད་ལྡན་བཟའ་འཐུང་གི་རིགས་ཚུ་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགསཔ་ དེ་ལས་ དེ་ཚུ་ ཡུན་བརྟན་བཟོ་ཐབས་ལུ་ བཟའ་འཐུང་ལམ་ལུགས་ཚུ་ ལེགས་བསྒྱུར་འབད་དགོཔ་འདུག་ཟེར་ཨིན་པས།

བཅུད་ལྡན་དང་ ཉེན་སྲུང་ཅན་ གོང་ཚད་རན་ཏོག་ཏོ་ དེ་ལས་ ཡུན་བརྟན་གྱི་བཟའ་འཐུང་ཚུ་ འཐོབ་ཚུགས་པའི་ གནས་སྟངས་བཟོ་ནིའི་དོན་ལུ་ བཞེས་སྒོ་དང་ འཐུང་ཆུ་ འཕྲོད་བསྟེན་ གསོ་བ་ མི་སྡེའི་ཉེན་སྲུང་ དེ་ལས་ ཤེས་རིག་གི་ལམ་ལུགས་ཚུ་ མཉམ་འབྲེལ་ཐོག་ལས་ ལཱ་འབད་དགོཔ་འདུག་ཟེར་ བཀོད་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *