ཀོ་རོ་ན་བའེ་རཱསི་ནད་འབུབ་ རྩ་མེད་གཏང་ཐབས་མེདཔ།

༉ མ་འོངས་པ་ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ རྩ་མེད་གཏང་ནི་དེ་ ཡ་མཚན་ཆེ་བའི་ དམིགས་དོན་ཅིག་ཨིན་རུང་ ལག་ལེན་ཐད་ཁར་ལྷོདཔ་ད་ གྲུབ་ཐབས་མེདཔ་ཨིན་པས།

ད་ལྟོ་ཡོད་པའི་ སྨན་ཁབ་དེ་གིས་ མི་ཚུ་ ནད་འབུབ་དེ་ལུ་བརྟེན་ ན་ནི་དང་ ཤི་ནི་ལས་བཀག་སྟེ་ གསོ་བའི་ལམ་ལུགས་ཚུ་ལུ་ རྒྱབ་སྐྱོར་འབད་ནི་ཨིན་རུང་ འཛམ་གླིང་ནང་ དུས་ཚོད་དེ་ ཨ་རྟག་ཧར་ལུགས་ལུ་ ལྷོད་དགོ་པ་ཅིན་ འཛམ་གླིང་རྒྱལ་ཁབ་ག་ར་གིས་ སྨན་ཁབ་ཚུ་ ཁྱབ་ཆེ་དྲགས་སྦེ་ར་ བཙུགས་དགོ་ཟེར་ཨིན་པས།

སྨན་ཁབ་དེ་ རྐྱངམ་གཅིག་གིས་ ནད་འབུབ་བཀག་མི་ཚུགས་ནི་ཨིནམ་ལས་ མི་ཚུ་གི་བར་ན་ ས་སྟོང་བཞག་ནི་དང་ ཁ་རས་སྤུབས་ནི་ དེ་ལས་ ཨ་རྟག་ར་ ལགཔ་འཁྱུ་ནི་ཚུ་ འབད་དགོ་ཟེར་ཨིན་པས།

དེ་ཡང་ འབྲུག་ལུ་ཡོད་པའི་ འཛམ་གླིང་གསོ་བའི་ལས་ཀྱི་སྐུ་ཚབ་ ཌོག་ཊར་རུའི་ པའོ་ལོ་ ཌི་ ཇི་སསི་གིས་ སླབ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ད་ལྟོ་ཚུན་ འཛམ་གླིང་ནང་ འབྲུམ་ནད་དེ་རྐྱངམ་གཅིག་མ་གཏོགས་ ནད་གཞི་གཞན་ ག་ཅི་ཡང་ རྩ་མེད་གཏང་མ་ཚུགས་པར་ ཡོད་ཟེར་ཨིན་པས།

ད་རེས་ སྨན་ཁབ་དེ་གིས་ ཕན་ཐོགས་སྦོམ་ཡོདཔ་ཨིན་རུང་ སྨན་ཁབ་དེ་གི་ ནུས་ཤུགས་ཀྱིས་ དུས་ཡུན་ག་དེམ་ཅིག་གི་རིང་ ནད་འབུབ་ལས་ ཉེན་སྲུང་འབད་ཚུགས་ག་དང་ ནད་འབུབ་དེ་ ག་བཟུམ་ཅིག་ལུ་ འགྱུར་འགྱོ་འོང་ག་ ཤེས་མ་ཚུགས་པར་ ཡོད་ཟེར་ཨིན་པས།

ཌོག་ཊཪ་རུའི་གིས་འབད་བ་ཅིན་ ཀོ་བིཌ་-༡༩ འི་ནད་འབུབ་དེ་ ད་ལས་ཕར་འབད་རུང་ ལོག་ཅི་ར་ འཐོན་སྡོད་ནི་དང་ འཛམ་གླིང་ནང་ ཚན་རིག་མཁས་མཆོག་ མང་ཤོས་ཅིག་གིས་ར་ ནད་འབུབ་དེ་ ཚ་རིམས་བཟུམ་ཅིག་ལུ་ འགྱུར་འགྱོ་ནི་སྦེ་ སླབ་ཡོདཔ་ཨིན་རུང་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མི་ཤེས་པས་ཟེར་ཨིན་པས།

འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གནས་སྟངས་དེ་ལུ་ འཕྲོ་མཐུད་ལྟ་རྟོག་འབད་དོ་ཡོདཔ་ད་ རང་བཞིན་འགྱུར་འགྱོ་མི་ ནད་འབུབ་ཚུ་ལུ་ ད་ལྟོ་ཡོད་པའི་ སྨན་ཁབ་ཚུ་གིས་ ཕན་ཐོགས་ག་དེ་སྦེ་ར་ འབྱུང་འོང་ག་ ལས་སྡེ་དང་ རྒྱལ་ཁབ་ཚུ་ནང་ མཉམ་འབྲེལ་ཐོག་ལས་ ལྟ་ཞིབ་འབད་བཞིན་དུ་ ཡོད་ཟེར་ཨིན་པས།

ད་ལྟོ་ ནད་འབུབ་དང་ སྨན་ཁབ་གཉིས་ཆ་ར་ གསརཔ་འབདཝ་ལས་ དེ་ཚུའི་སྐོར་ལས་ ལྷབ་སྦྱང་འབད་དགོཔ་ ལེ་ཤ་ཅིག་ཡོད་ཟེར་ཨིན་པས།

ཀོ་བེགསི་མཐུན་རྐྱེན་ཐོག་ལས་ འབྲུག་ལུ་ ཀོ་བིཌ་ཤིལཌི་སྨན་ཁབ་ ཐུན་ཚད་༡༠༨,༠༠༠ དང་ ཕའི་ཟར་ཐུན་ཚད་༥,༠༠༠ བགོ་བཀྲམ་འབད་ཡོདཔ་ཨིན་རུང་ སྨན་ཁབ་ཚུ་ སྐྱེལ་འདྲེན་འབད་ནིའི་དོན་ལུ་ འབྲུག་གིས་ ཡིག་ཆ་ཚུ་གུ་ མཚན་རྟགས་བཀོད་ནི་ལུ་ སྒུག་སྟེ་ཡོད་ཟེར་ཨིན་པས།

གཞུང་གིས་ ད་ལྟོ་ སྨན་ཁབ་བཟོ་མི་ལས་སྡེ་གི་ ཡིག་ཆའི་གནད་དོན་ལུ་ གཟིགས་ཞིབ་འབད་བའི་བསྒང་འདུག་ཟེར་ ཌོག་ཊར་རུའི་གིས་ སླབ་ཨིན་པས།

ཌོག་ཊར་གྱིས་ བཤད་མིའི་ནང་ སྨན་ཁབ་ཚུ་བཙུགས་ནི་ལུ་ མི་གི་སེམས་ཁར་ དོགས་སྣང་དུམ་གྲ་རེ་ རང་བཞིན་གྱིས་འོང་ནི་དང་ དམིགས་བསལ་དུ་ དུས་ཡུན་ཐུང་ཀུ་ཅིག་ནང་ བཟོ་ཡོད་མི་ ཀོ་བིཌ་-༡༩ འི་ སྨན་ཁབ་ཚུ་ལུ་ ངེས་པར་དུ་ དོགས་པ་ཆགས་འོང་ཟེར་ཨིན་པས།

ཨིན་རུང་ སྨན་ཁབ་ཚུ་ བཟོ་བའི་སྐབས་ལུ་ ཉེན་སྲུང་གི་གནད་དོན་ཚུ་ ཡོངས་རྫོགས་ལྟ་ཡོདཔ་ད་ ད་རེས་ འཛམ་གླིང་ནང་ སྨན་ཁབ་དེ་ལུ་བརྟེན་ ཚབས་ཆེ་བའི་གནད་དོན་ཚུ་ ག་ནི་ཡང་མེད་པར་ སྨན་ཁབ་ཕའི་ཟར་དང་ ཨེསི་ཊ་ཟེ་ནི་ཀ་ཚུ་ ཐུན་ཚད་ས་ཡ་ལས་བཅད་དེ་ བཙུགས་པའི་བསྒང་ཡོད་ཟེར་ཨིན་པས།

ད་རེས་ སྨན་ཁབ་ཀྱི་དོན་ལུ་ ཐོ་བཀོད་འབད་མི་དང་འཁྲིལཝ་ད་ འབྲུག་ལུ་ སྨན་ཁབ་ལུ་ འཇིགས་སྣང་དང་ དོགས་པ་སྦོམ་མེདཔ་ཨིན་རུང་ ད་རེས་ གོ་བ་བརྡ་ལོག་ཐོབ་མི་ཚུ་གི་དོན་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ འཛམ་གླིང་སྤྱི་ཚོགས་ཨ་ལོའི་ཤེས་ཡོན་མ་དངུལ་དང་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་བརྒྱུད་དེ་ དོགས་སེལ་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།ཉི་མ་དབང་འདུས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *