ཀོ་བེགསི་ལས་ ཕའི་ཟར་སྨན་ཁབ་ཤོ་ཐེངས་དང་པ་ རྒྱལ་ཁབ་ནང་ལྷོད་ཡོདཔ།

༉ ད་ལྟོ་ཚུན་ ཡུན་རིངམོ་སྦེ་ སྒུག་སྡོད་མི་ ཀོ་བེགསི་ལས་ ཀོ་བིཌ་-༡༩ འི་སྨན་ཁབ་ཚུ་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ རྒྱལ་ཁབ་ནང་ལྷོད་ཅི།

ད་རེས་ གོ་རིམ་དང་པའི་ནང་ སྨན་ཐུན་ཚད་༥,༨༥༠ འབད་མི་ ཕིཊ་ཟར་-བ་ཡོ་ཨེན་ཊེག་དེ་ ཨེ་མི་རི་ཀའི་༼ཡུ་ཨེསི་ཨེ༽ ཁྲོམ་ཚོགས་ ནིའུ་ཡཱོག་ལས་ བསྐྱལ་ཡོདཔ་ཨིན་པས།

སྨན་ཁབ་ཚུ་ སྤ་རོ་རྒྱལ་སྤྱི་གནམ་ཐང་ནང་ ལྷོད་པའི་ཤུལ་ལུ་ ཐད་ཀར་དུ་ ཐིམ་ཕུག་ལུ་ཡོད་པའི་ སྨན་གསོག་འཇོག་ལྟེ་བའི་ནང་ བསྐྱལ་ཡོདཔ་ད་ བསིལ་ཚད་ཌི་གི་རི་ མའི་ནསི་༧༠ ནང་ བཞག་ནི་ཨིན་པས།

མ་གཞི་ འགོ་ཐོག་ལུ་ འབྲུག་འདི་ ཀོ་བེགསི་ལས་ སྨན་ཁབ་ཐོབ་མི་ རྒྱལ་ཁབ་དང་པ་ འོང་ནི་ཨིནམ་སྦེ་ སླབ་ཡོདཔ་ཨིན་རུང་ གཞུང་གཉིས་ཀྱི་བར་ན་ ཁྲིམས་མཐུན་ཡིག་ཆ་ཚུ་གི་ མཚན་རྟགས་བཀོད་ནིའི་ ལཱ་ཚུ་ལུ་བརྟེན་ ཕྱིས་སོཔ་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱིས་ འདས་པའི་ཟླཝ་ནང་རྐྱངམ་གཅིག་ ཡིག་ཆ་ཚུ་གི་ མཚན་རྟགས་བཀོད་ནི་ལུ་ གནང་བ་གྲུབ་ཡོདཔ་ཨིན་པས།

ཕའི་ཟར་སྨན་ཁབ་ཚུ་ ག་ལུ་བཙུགས་ནི་ཨིན་ན?

གསོ་བའི་ལྷན་ཁག་གིས་ ཕའི་ཟར་སྨན་ཚུ་ ཨེསི་ཊ་ཟེ་ནེ་ཀ་ འཐོབ་ནི་ལུ་ ཁྱད་ཆོས་མ་ཚང་མི་ ཨ་ལོ་སྐྱེས་ལོ་༡༦ དང་ ཡན་ཆད་འབད་མི་ཚུ་ལུ་རྐྱངམ་གཅིག་ འཐོབ་ནི་ཨིནམ་སྦེ་ སླབ་ཡོདཔ་ད་ དེ་ཡང་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ མདུན་ལམ་དང་འཁྲིལ་ཏེ་ཨིན་པས།

ཕའི་ཟར་འདི་རྐྱངམ་གཅིག་ སྐྱེས་ལོ་༡༦ དང་ ཡན་ཆད་འབད་མི་ཚུ་ལུ་ བཙུགས་བཏུབ་པའི་ཁར་ ཨེསི་ཊ་ཟེ་ནེ་ཀ་དེ་ སྐྱེས་ལོ་༡༨ དང་ ཡན་ཆད་འབད་མི་ཚུ་ལུ་ བཙུགས་བཏུབ་ཨིན་པས།

ཨིན་རུང་ ད་ལྟོ་ལྷོད་མི་ སྨན་ཁབ་ཚུ་ ཉུང་སུ་ཅིག་ལས་བརྒལ་ མེདཔ་བཞིན་དུ་ ཐུན་ཚད་༢ རེ་སྦེ་ རྩིས་རྐྱབ་ད་ མི་གྲངས་༢,༩༠༠ ལུ་མ་གཏོགས་ མི་ལང་ནི་ཨིན་པས།

བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་ གསུངས་མིའི་ནང་ ད་ལྟོ་ཚུན་ རྒྱལ་ཁབ་ནང་ ཨ་ལོ་༡༦༧,༠༠༠ ལུ་ སྨན་ཁབ་མ་ཐོབ་པར་ཡོདཔ་ལས་ ནད་འབུབ་ཀྱི་ ཉེན་ཁ་ཐོག་ལུ་ཡོད་ཟེར་ཨིན་པས།

ཨིན་རུང་ གཞུང་གིས་ ཕའི་ཟར་སྨན་ཁབ་ མང་སུ་སྦེ་ ལེན་ནིའི་དོན་ལུ་ རྒྱལ་ཁབ་གཞན་ཚུ་དང་ འབྲེལ་བ་འཐབ་བཞིན་དུ་ཡོད་ཟེར་ གསུངསམ་ཨིན་པས།

ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ ཨེ་མི་རི་ཀ་ལུ་ཡོད་པའི་ ཕའི་ཟར་སྨན་རིག་སྣ་ཚོགས་ལས་སྡེ་ལས་ སྨན་ཐུན་ཚད་༢༠༠,༠༠༠ མཁོ་མངགས་འབད་དེ་ཡོད་ཟེར་ བཤདཔ་ཨིན་པས།

རྒྱལ་ཡོངས་སྨན་ཁབ་ཐབས་རིག་བསླབ་བཀོད་སྡེ་ཚན་གྱི་འཐུས་མི་ ཌོག་ཊར་བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ད་ལྟོ་ལྷོད་མི་ སྨན་ཁབ་ཚུ་ ག་ལུ་བཙུགས་ནི་ཨིན་ན་ ལྷན་ཁག་ལས་ བཀའ་རྒྱ་མ་ལྷོད་པར་ཡོད་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *