ཀོ་བེགསི་མཐུན་རྐྱེན་ལམ་ལུགས་འོག་ལུ་ ཨེསི་ཊ་ཛེ་ནེ་ཀ་སྨན་ཁབ་ཐུན་ཚད་༡༠༨,༠༠༠ འཐོབ་ནི།

༉ འབྲུག་གི་དོན་ལུ་ ཀོ་རོ་ན་བའེ་རཱསི་གི་ ཨེསི་ཊ་ཛེ་ནེ་ཀ་སྨན་ཁབ་ཐུན་ཚད་༡༠༨,༠༠༠ བཞག་ཡོདཔ་བཞིན་དུ་ དེ་གི་བརྒྱ་ཆ་༣༥-༤༠ དུས་ཅི་ སྤྱི་ཟླ་༣ པ་རྫོགས་ཁམས་ལུ་ ལྷོད་ནི་ཨིན་པས།

ལྷག་ལུས་གཞན་ཚུ་ སྤྱི་ཟླ་༥ པ་དང་༦ པའི་ནང་ ལྷོད་འོང་ཟེར་ འབྲུག་ལུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་གནས་བཞུགས་ ཌོག་ཊར་ རུའི་པའོ་ལོ་ ཌི་ ཇི་སཱསི་གིས་ སླབ་ཨིན་པས།

ཨིན་རུང་ སྨན་ཁབ་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གློ་བུར་ལག་ལེན་ཐོ་བཀོད་ འབད་མ་འབད་དང་ སྨན་ཁབ་བཟོ་མི་ཚུ་གིས་ཡང་ ཀོ་བེགསི་མཐུན་རྐྱེན་འོག་ལུ་ གྲོས་འཆམ་བྱུང་མི་ལྟར་ ཐོན་སྐྱེད་འབད་ཚུགས་མ་ཚུགས་ལུ་ རག་ལས་འོང་ཟེར་ཨིན་པས།

ཌོག་ཊར་རུའི་གིས་ བཤད་མིའི་ནང་ ད་རུང་ འབྲུག་ལུ་ ནད་ཡམས་དང་པའི་ བཀྲམ་སྤེལ་གྱི་འོག་ལུ་ ཀོ་བེགསི་མཐུན་རྐྱེན་འོག་ལུ་ ནད་འབུབ་ཀྱི་སྨན་ཁབ་ ཕའེ་ཟར་ཐུན་ཚད་༥,༠༠༠ ཡང་ སྤྱི་ཟླ་༣ པ་རྫོགས་ཁམས་ལུ་ ལྷོད་ནི་ཨིན་ཟེར་ཨིན་པས།

ཁོ་གིས་ རྒྱལ་ཁབ་ཕྱུགཔོ་ ལ་ལོ་ཅིག་གིས་ སྨན་ཁབ་ཚུ་ ཁོང་རའི་དོན་ལུ་ གསོག་འཇོག་འབད་བཞག་ནི་ལུ་ ཚ་གྱང་ཡོད་ལུགས་སྐོར་ལས་ བཤད་མིའི་ནང་ རྒྱལ་ཁབ་ཕྱུགཔོ་ཚུ་ནང་ ཉེན་ཁ་ཆུང་བའི་ མི་སྡེ་ཚུ་ལུ་ཡང་ སྨན་ཁབ་དེ་ འཐོབ་ནི་ཨིན་རུང་ རྒྱལ་ཁབ་སྤྱང་ཀ་ཚུ་ནང་ འཐོབ་དགོཔ་ངེས་བདེན་ཡོད་མི་ གསོ་བའི་ལས་བྱེདཔ་དང་ རྒན་རྒས་ཚུ་ཡང་ འཐོབ་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།

སྨན་ཁབ་ཚུ་ འདྲ་མཉམ་སྦེ་ བཀྲམ་སྤེལ་འབད་མ་ཚུགས་ནི་དེ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ མདོ་ཆེན་ཡོངས་ཁྱབ་ ཌོག་ཊར་ཊེ་ཌོསི་གི་ཡང་ ཚ་གྱང་སྦོམ་ཤོས་ཅིག་ ཨིན་ཟེར་ཨིན་པས།

ད་རེས་ འཛམ་གླིང་ནང་ ནད་ཡམས་ཐོན་ཏེ་ གནས་སྟངས་ཚབས་ཅན་ཅིག་ནང་ ལྷོད་ཡོདཔ་བཞིན་དུ་ དམིགས་བསལ་དུ་ ཁྱད་པར་སྦོམ་སྦེ་བཟོ་ཚུགས་པའི་ རྒྱལ་ཁབ་ཚུ་དང་ མཉམ་འབྲེལ་འབད་དགོཔ་དེ་ ཁག་ཆེ་དྲགས་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།

འབྲུག་ལུ་འབད་ཅིན་ གཞུང་གིས་ ལྗོན་ཐངས་ཅན་གྱི་ ཕྱི་འབྲེལ་ལམ་ལུགས་ཐོག་ལུ་ རྒྱ་གར་གཞུང་ལས་ ཨེསི་ཊ་ཛེ་ནི་ཀ་སྨན་ཁབ་ རྒྱ་ཆེ་ཏོག་ཏོ་སྦེ་ ལེན་ཏེ་ཡོདཔ་ད་ གལ་སྲིད་ སྨན་ཁབ་བཟོ་མི་ རྒྱལ་ཁབ་ཚུ་གིས་ སྨན་ཁབ་ཚུ་ རང་སོའི་རྒྱལ་ཁབ་ཀྱི་དོན་ལུ་ བདག་བཟུང་འབད་བཞག་པ་ཅིན་ འབྲུག་གིས་རྩིས་པའི་ རྒྱལ་ཁབ་མང་རབས་ཅིག་ལུ་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།

ཌོག་ཊར་རུའི་གིས་ བཤད་མིའི་ནང་ སྤྱིར་བཏང་ སྨན་ཁབ་ཚུ་གི་དོན་ལུ་ གློ་བུར་ལག་ལེན་ཐོ་བཀོད་ སྤྲོད་ནིའི་ནང་ སྨན་ཁབ་བཟོ་མི་ ལས་སྡེ་གིས་བཙུགས་མི་ ཡིག་ཆ་དང་ གནས་སྡུད་ཚུ་དང་འཁྲིལ་ དུས་ཡུན་ཟླ་ངོ་༢ དང་༣ དེ་རེ་ འགོརཝ་ཨིན་ཟེར་ཨིན་པས།

ད་ལྟོའི་གནས་སྟངས་ནང་ གློ་བུར་ལག་ལེན་གྱི་དོན་ལུ་ གྲོས་འཆར་བཙུགས་མི་ སྨན་ཁབ་བཟོ་མི་ལས་སྡེ་༡༠ དེ་ཅིག་ཡོདཔ་ད་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ དབྱེ་དཔྱད་འབད་བའི་བསྒང་ཡོད་ཟེར་ཨིན་པས།

དེ་དང་འཁྲིལ་ ཨེསི་ཊ་ཛེ་ནི་ཀའི་དོན་ལུ་འབད་བ་ཅིན་ སྤྱི་ཟླ་༢ པའི་ བར་མཚམས་ལས་ཕར་ གློ་བུར་ལག་ལེན་ཐོ་བཀོད་ འཐོབ་ནི་དང་ མོ་ཌར་ན་སྨན་ཁབ་ཀྱི་དོན་ལུ་འབད་བ་ཅིན་ སྤྱི་ཟླ་༢ པ་རྫོགས་ཁམས་ལུ་ འཐོབ་ཚུགས་པའི་ ཕོ་ཚོད་བཀལཝ་ཨིན་པས།

ད་རེས་ གཞུང་གིས་ ནད་འབུབ་ཁྱབ་སྤེལ་ བཀག་ནིའི་དོན་ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཉིན་གྲངས་༢༡ ལས་༤༠ ཚུན་ ཡར་སེང་འབད་དེ་ ནད་འབུབ་ཁྱབ་སྤེལ་ ཚད་འཛིན་འབད་ཡོདཔ་མ་ཚད་ བརྟག་དཔྱད་ཚུ་ཡང་ གྲུབ་འབྲས་ཅན་སྦེ་ འགོ་འདྲེན་འཐབ་མི་ལུ་ ངལ་རངས་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ནད་འབུབ་ཀྱི་རང་བཞིན་ སོར་ཡི་ར་འགྱོ་ནི་དེ་ རང་བཞིན་ཅིག་ཨིནམ་ད་ ཁྱབ་སྤེལ་མར་ཕབ་གཏང་ནིའི་དོན་ལུ་ བསྒྱུར་བཅོས་ཚུ་ ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ ལྟ་རྟོག་འབད་དགོཔ་ ཁག་ཆེ་ཟེར་ཨིན་པས།

དེ་བཟུམ་སྦེ་ ས་ཁོངས་ཁག་ཚུ་གི་བར་ན་ འགྲོ་འགྲུལ་བཀག་དམ་འབད་ནི་དང་ ལོག་སློབ་གྲྭ་སྒོ་ཕྱེ་ནི་ཚུ་ ས་ཁོངས་རང་སོའི་ ནད་འབུབ་ཁྱབ་སྤེལ་གནས་སྟངས་དང་ གསོ་བའི་ལམ་ལུགས་ཀྱི་ ལྕོགས་གྲུབ་དང་འཁྲིལ་ཏེ་ འགྱོ་དགོ་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *