སྨན་བཅོས་སྡེ་ཚན་གྱིས་ ཉིན་མར་སྨན་ཁབ་བཙུགས་ཏེ་ ཕྱི་རུ་ལམ་འགྲུལ་འབད་དོ་ཡོདཔ་ཨིན་པས།

ཀོ་བིཌ་-༡༩ འི་སྨན་ཁབ་ཚུ་ ལུང་ནག་ནའི་ མཐའ་ཟུར་གཡུས་ཚན་ནང་ འབག་སྐྱེལ་དོ་ཡོདཔ།

༉ སྤྱི་ཟླ་༣ པའི་ཚེས་༢༦ ལས་ སྨན་བཅོས་ལས་བྱེདཔ་༤ དང་ བདེ་སྲུངཔ་༦ འབདཝ་ད་ མི་༡༠ འབད་མི་ སྡེ་ཚན་དེ་ མགར་ས་རྫོང་ཁག་གི་ ལ་མཐོ་སའི་རྒེད་འོག་ ལུང་ནག་ན་ལུ་ ཉིན་ནུབ་མེད་པར་ ལམ་འགྲུལ་འབད་བའི་བསྒང་ཡོདཔ་ཨིན་པས།

སྡེ་ཚན་དེ་ ག་ནི་བ་ གྱང་བསིལ་ཆེ་བའི་ གནམ་གཤིས་གནས་སྟངས་དང་ གངས་རི་དང་ ལ་ལུང་བརྒལ་ཏེ་ ལམ་ཐག་རིང་སར་ འགྱོ་དགོཔ་མ་ཚད་ དོ་འབག་མི་དང་ བཞོན་རྟའི་ཞབས་ཏོག་མེདཔ་ལས་ དཀའ་སྡུག་སྦོམ་བྱུང་ཡོད་རུང་ རྒྱལ་ཡོངས་ལུ་ དགོས་མཁོ་བྱུངམ་ད་ ཕྱག་མ་ཞུ་བར་ བྱ་ཐབས་མེདཔ་ཅིག་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༢༧ ལས་ རྒྱལ་ཡོངས་ལུ་ སྨན་ཁབ་བཙུགས་ནིའི་ ལས་རིམ་འགོ་བཙུགས་ཞིནམ་ལས་ཚུར་ དྲུང་འཚོ་༡ དང་ སྨན་གཡོགམོ་༡ སྨན་བཅོས་ལས་རོགསཔ་༢ དེ་ལས་ བདེ་སྲུངཔ་ཨིན་མི་ ལུང་ནག་ན་སློབ་གྲྭ་ཆུང་བའི་ སློབ་དཔོན་༦ གིས་ སྨན་ཁབ་དང་ ཀེ་ཇི་༡༦ འབད་མི་ སྲོག་རླུང་རྒྱ་རྫི་ ཚད་འཛིན་ཡོ་ཆས་ སྨན་བཅོས་མཁོ་ཆས་ དེ་ལས་ གློ་བུར་ཅ་ཆས་ཚུ་ ཁོང་རའི་སྒལ་པ་གུ་བཀལ་ཏེ་ མཐའ་ཟུར་གྱི་ གཡུས་ཚན་ཚུ་ནང་ འབག་འགྱོཝ་ཨིན་པས།

སྡེ་ཚན་གྱིས་ དེ་ཚེ་ སྤྱི་ཟླ་༣ པའི་ཚེས་༢༦ གི་དྲོ་པའི་ཆུ་ཚོད་༦.༦༠ ལུ་ ལུང་ནག་ན་གཞི་རྟེན་སྨན་བཅོས་ལྟེ་བ་ལས་ ཐང་ཟ་དང་ བསྟན་བཅོས་ལུ་ ལམ་འགྲུལ་འབད་ནི་ འགོ་བཙུགས་ཡོདཔ་ད་ མ་གཞི་ ཉིན་གྲངས་༢ ཀྱི་ ལམ་ཨིན་རུང་ ཁོང་གིས་ ས་ཁོངས་ནང་ དེ་ཚེ་ར་ ཕྱི་རུའི་ཆུ་ཚོད་༦ ལུ་ ལྷོད་ཡོདཔ་ཨིན་པས། 

བསྟན་བཅོས་ལུ་ལྷོདཔ་ད་ སྡེ་ཚན་དེ་ ཐིམ་ཕུག་ལུ་ སྨན་ཁབ་འགོ་བཙུགས་ནིའི་དོན་ལུ་ བསྒུགས་ཡོདཔ་བཞིན་དུ་ ལུང་ནག་ན་ལུ་ ལོ་ཐོག་ནག་བཏབ་ནིའི་ དུས་ཚོད་འབདཝ་ལས་ ཉིནམ་དང་པའི་ནང་ སྨན་ཁབ་བཙུགས་མི་ ལེ་ཤ་མ་འོང་ཡོདཔ་ཨིན་པས། 

དེ་འབདཝ་ལས་ སྡེ་ཚན་དེ་ དྲོ་པ་ཧ་སག་ལས་ ཕྱི་རུའི་ཆུ་ཚོད་༦ ཚུན་ བསྒུགས་སྡོད་དགོཔ་བྱུང་ནུག།

སྡེ་ཚན་གྱིས་ ཁབ་བཙུགས་ནིའི་ ལས་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༢༨ ཀྱི་ ཉིན་མའི་ཆུ་ཚོད་༢ ཚུན་ འཕྲོ་མཐུད་དེ་ར་ འགོ་འདྲེན་འཐབ་ཡོདཔ་ད་ ཕྱི་རུའི་ཆུ་ཚོད་༣.༡༥ ལས་ མཚོ་ལྗོངས་གཡུས་ཚན་ནང་ འགྱོ་བའི་སྐབས་ ཕྱི་རུ་ཁཝ་ཤུགས་སྦེ་རྐྱབ་ཡོད་རུང་ རྡོགཔ་དྲེགས་ཏེ་ སོང་ཡོདཔ་ལས་ ནུབ་མོའི་ཆུ་ཚོད་༨.༣༠ ལུ་ ལྷོད་ཡོདཔ་ཨིན་པས། 

སྤྱི་ཟླ་༣ པའི་ཚེས་༢༩ ལུ་ སྨན་ཁབ་བཙུགས་ཚར་བའི་ཤུལ་ལུ་ སྡེ་ཚན་དེ་ ལུང་ནག་ན་གཞི་རྟེན་སྨན་བཅོས་ལྟེ་བ་ནང་ ཁ་ཙ་ ལྷོད་ཡོདཔ་ད་ ལྟེ་བ་དེ་ལས་ ཝ་ཆེ་ལུ་ འགྱོ་ནི་དེ་ གནམ་མེད་ས་མེད་ ལཱ་ཁག་ཡོདཔ་ལས་ གསོ་བའི་ལས་རོགས་ ཀརྨ་བཀྲིས་དེ་ ཚ་གྱང་མི་དེ་ཡང་ ཁཝ་དང་ཁྱེགས་ལམ་བདའ་སྟེ་ ལམ་ཐག་རིང་སར་ འགྱོ་དགོཔ་ཨིན་པས།

སྡེ་ཚན་དེ་ ཝ་ཆེ་ལུ་ ནངས་པ་ལྷོད་ནི་ཨིནམ་ད་ ང་བཅས་ ནུབ་མོར་ལམ་འགྲུལ་མ་འབད་བ་ཅིན་ སྨན་ཁབ་བཙུགས་ནིའི་ ལས་རིམ་དེ་ དུས་ཚོད་ལུ་ མཇུག་བསྡུ་མི་ཚུགས་ཟེར་ ཀརྨ་བཀྲིས་ཀྱིས་ བཤདཔ་མ་ཚད་ ལམ་གྱེན་གཟར་དྲགས་ཡོད་པའི་ཁར་ ད་རེས་བཟུམ་མའི་ དུས་ཚོད་ནང་ གདོང་ལེན་ལེ་ཤ་ཡོད་ཟེར་ བཤདཔ་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༢ ལུ་ ཝ་ཆེ་ལུ་ སྨན་ཁབ་ལས་རིམ་ མཇུག་བསྡུ་ཞིནམ་ལས་ སྡེ་ཚན་དེ་ ལུང་ནག་ན་གཞི་རྟེན་སྨན་བཅོས་ལྟེ་བའི་ནང་ ལོག་འགྱོ་ནི་ཨིན་པས།

སྡེ་ཚན་གྱི་ འཐུས་མི་ག་ར་ཐང་ཆད་ འུ་སྡུག་སྟེ་ཡོད་རུང་ གཟུགས་ཁམས་འཕྲོད་བསྟེན་ ལེགས་ལྡན་ཐོག་ཡོདཔ་ད་ ལམ་འགྲུལ་སྐབས་ གདོང་ལེན་ལེ་ཤ་བྱུང་ཡོད་རུང་ ད་ཚུན་ སྟབས་མ་བདེཝ་ ག་ནི་ཡང་ མ་བྱུང་ཟེར་ འཐུས་མི་ཅིག་གིས་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *