ཀོ་བིཌ་-༡༩ འི་སྨན་ཁབ་ སླ་བསྲེས་བཙུགས་དགོཔ་འཐོན་ནི།

༉ གཞུང་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཐེངས་༢ པ་དེ་ ནམ་བཙུགས་ནི་ཨིན་ན་ གཏན་འཁེལ་མེད་རུང་ ཐེངས་དང་པའི་ནང་བཙུགས་མི་ ཨེསི་ཊ་ཟེ་ནི་ཀ་མེན་པར་ ཀོ་བིཌ་-༡༩ འི་ སྨན་ཁབ་གཞན་ བཙུགས་ནིའི་དོན་ལུ་ ཧ་ལམ་ གྲོས་ཐག་བཅད་ཚར་བའི་ མངོན་གསལ་བྱུངམ་ཨིན་མས།

ཨིན་རུང་ སྨན་ཁབ་གཞན་ བཙུགས་ནིའི་འཆར་གཞི་དེ་ལུ་ མི་མང་གིས་ ག་དེ་སྦེ་ ངོས་ལེན་འབད་འོང་ག་ སླབ་མ་ཤེས་པའི་ཁར་ དོགས་པ་ཆགས་མི་ཡང་ འོང་སྲིད་ནི་ཨིན་མས།

སྨན་ཁབ་དང་པ་ བཙུགས་པའི་སྐབས་ལུ་ཡང་ མི་མང་གིས་ སྨན་ཁབ་ལུ་བརྟེན་ ཚེ་སྲོག་ལུ་ ཉེན་ཁ་མི་འབྱུང་ག་ཟེར་བའི་ ཚ་གྱང་དང་ དོགས་པ་ཆགས་མི་ཚུ་ ཐོན་ཡོདཔ་ལས་ གསོ་བ་ལྷན་ཁག་གིས་ ཡིད་ཆེས་བསྐྱེད་ཚུགསཔ་བཟོ་ནིའི་དོན་ལུ་ གོ་བརྡའི་ལས་རིམ་ཚུ་ རྒྱ་ཆེ་དྲགས་འབད་རུང་ སྨན་ཁབ་མ་བཙུགས་པར་ འཛེམ་སྡོད་མི་ ལེ་ཤ་ཐོན་ཡི།

ཀོ་བིཌ་-༡༩ འི་ སྨན་ཁབ་གཞན་ བཙུགས་དགོཔ་ཐོན་མི་དེ་ཡང་ རྒྱལ་སྤྱིའི་ནང་ སྨན་ཁབ་བཟོ་སྐྲུན་འབད་མི་ ལས་སྡེ་ཚུ་གིས་ ལངམ་སྦེ་བཟོ་སྐྲུན་འབད་མ་ཚུགས་པའི་ཁར་ ང་བཅས་ལུ་ སྨན་ཁབ་ཐེངས་དང་པ་ གྲོགས་རམ་འབད་མི་ ཁྱིམ་མཚེས་རྒྱ་གར་ལུ་ ནད་ཡམས་ཀྱི་གནས་སྟངས་ ཚབས་ཆེན་སྦེ་ཡོད་ནི་དེ་གིས་ ཁོང་ལས་ གྲོགས་རམ་འཐོབ་ནི་ལུ་ ངེས་བརྟན་མེད་ནི་དེ་གིས་ཨིན་པས།

རྒྱལ་ཡོངས་སྨན་ཁབ་གྲོས་སྟོན་སྡེ་ཚན་གྱིས་འབད་བ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ངོས་ལེན་འབད་མི་ སྨན་ཁབ་མ་འདྲཝ་ཚུ་ སླ་བསྲེས་རྐྱབ་སྟེ་ བཙུགས་ནི་ལུ་ རྒྱབ་སྣོན་འབདཝ་ཨིན་མས།

ཨིན་རུང་ སྨན་ཁབ་ཀྱི་ཐད་ཁར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ངོས་ལེན་འབད་དེ་ཡོད་པ་ཅིན་ དེ་ལུ་ དོགས་སྣང་ལང་དགོཔ་ཅིག་ མེད་མི་དེ་ཡང་ ལས་ཚོགས་དེ་ འཛམ་གླིང་ནང་ གསོ་བའི་འཕྲོད་བསྟེན་དོན་ལུ་ ཐག་བཏོག་མི་ལས་ཚོགས་ མཐོ་ཤོས་འབད་ནི་དེ་གིས་ཨིན།

ལས་ཚོགས་ཀྱི་ མཁས་མཆོག་ཚུ་གིས་ ནད་ཡམས་ཀྱི་དོན་ལུ་བཟོ་མི་ སྨན་ཁབ་གཞན་ཚུ་ སླ་བསྲེས་ཏེ་བཙུགས་ནི་ལུ་ ཉེན་ཁ་མེད་པའི་ཁར་ དེའི་ནང་ལས་ཡང་ ཨེསི་ཊ་ཟེ་ནི་ཀ་དང་ ཕའི་ཟར་ ཡང་ཅིན་ མོ་ཌར་ན་༣ སླ་བསྲེས་བཙུགས་པ་ཅིན་ ཉེན་ཁ་མེད་ཟེར་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སྨན་ཁབ་དེ་༣ གྱིས་ ནད་འབུབ་དེ་ལུ་ གདོང་ལེན་འབད་ནིའི་ ནུས་ཤུགས་ཆེ་སུ་ཡོད་པའི་ རྟགས་མཚན་འདུག་ཟེར་ཨིན་མས།

དེའི་ནང་ལས་ ནད་འབུབ་ཀྱི་རིགས་གསརཔ་ དར་ཁྱབ་ཆེ་སུ་དང་ མགྱོགས་སུ་སྤེལ་འགྱོ་མི་ ནད་གཞི་སཱརསི་དང་ ཀོ་བི་ཊུ་ དེ་ལ་ ཌེལ་ཊ་གི་དོན་ལུ་ སྨན་རིགས་དེ་༣ གྱིས་ ཕན་ཐོགས་ཆེ་སུ་ཡོད་པའི་ མངོན་གསལ་འདུག།

མཁས་མཆོག་ཚུ་དང་འཁྲིལ་ སྨན་ཁབ་དེ་༣ གྱིས་ ཕན་ནུས་དེ་ཅིག་བྱིན་ཚུགས་པ་ཅིན་ མི་མང་གིས་ ཐེངས་རིམ་དང་པའི་ ནང་བཙུགས་མི་ ཨེསི་ཊ་ཟེ་ནི་ཀ་དེ་ར་ བཙུགས་ནིའི་གདམ་ཁ་ལུ་ བསྒུག་མ་སྡོད་པར་ གཞུང་གིས་ ག་ཅི་མཁོ་སྒྲུབ་འབད་ཚུགས་མི་དེ་ བཙུགས་ནི་ལུ་ གྲ་སྒྲིག་འབད་དགོ་ནི་ཨིན་མས།

མཁས་མཆོག་ཚུ་གིས་ རྒྱབ་སྣོན་འབད་མི་ སྨན་ཁབ་ཚུ་ལུ་ མི་མང་ལས་ ཡིད་ཆེས་ཡོད་རུང་ གསོ་བ་ལྷན་ཁག་གིས་ མི་མང་གི་ ཚེ་སྲོག་ཉེན་ཁ་དེ་ཡང་ སེམས་ཁར་བཞག་སྟེ་ སྨན་ཁབ་ཀྱི་རིགས་ཚུ་ མ་ལེན་པའི་ཧེ་མར་ ཞིབ་འཚོལ་མཐིལ་ཕྱིན་འབད་ནི་དང་ བསླབ་བཀོད་ཚུ་ ངེས་པར་དུ་ ལེན་དགོཔ་འདུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *