ཀོ་བིཌ་-༡༩ འི་སྨན་ཁབ་ སྤྱི་ཟླ་༣ པའི་ཚེས་༢༧ ལས་ གཏན་འཁེལ་འགོ་བཙུགས་ནི།

༉ སྤྱི་ཟླ་༣ པའི་ཚེས་༢༢ ལུ་ རྒྱ་གར་ལས་ ནད་ཡམས་ཀོ་བིཌ་-༡༩ འི་སྨན་ཁབ་ཁ་སྐོང་ ཤོ་ཐེངས་༢ པ་ ལྷོད་ནི་ཨིན་མི་དང་བསྟུན་ སྤྱི་ཟླ་༣ པའི་ཚེས་༢༧ ལས་ རྒྱལ་ཡོངས་ནང་ སྨན་ཁབ་བཙུགས་ནི་ འགོ་བཙུགས་འོང་ཟེར་ཨིན་པས།

ལས་རིམ་དེ་གི་དོན་ལུ་ འཆར་གཞི་ཚུ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ སྨན་ཁབ་དེ་ཡང་ གཟའ་སྐར་དང་འཁྲིལ་ དྲོ་པའི་ཆུ་ཚོད་༩ དང་༡༠ ལས་ འགོ་བཙུགས་ནི་ཨིན་ཟེར་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ ཁ་ཙ་ འབྲུག་རྒྱང་བསྒྲགས་ཀྱི་ དངོས་མཐོང་ལས་རིམ་ཐོག་ལས་ གསལ་བསྒྲགས་གནང་ཡི།

བློན་ཆེན་གྱིས་འབད་བ་ཅིན་ སྨན་ཁབ་ཚུ་ རྒྱ་གར་ ལྡི་ལི་ལས་ ང་བཅས་རང་གིས་ ལེན་དགོཔ་སྦེ་ སླབ་ཡོདཔ་བཞིན་དུ་ དེ་ལུ་ ཁ་བཟེད་དེ་ཡོད་ཟེར་ཨིན་པས།

དེ་དང་བསྟུན་ སྤྱི་ཟླ་༣ པའི་ཚེས་༢༡ དང་༢༢ ལུ་ གཞུང་གྲྭ་ཚང་གིས་ སངས་རྒྱས་སྨན་བླའི་གསུང་ཆོག་གནང་ནི་དང་ དེ་གི་བྱིན་རླབས་ཚུ་ ཞུ་བའི་ཤུལ་ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ སྐྱེལ་འདྲེན་འབད་ནི་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སྨན་ཁབ་དེ་ཡང་ སྐྱེས་ལོ་༣༠ ལང་མི་ ཟ་མ་སྤྲེལ་ལོ་ཅིག་གིས་ འགོ་བཙུགས་དགོ་པའི་ རྟེན་འབྲེལ་ཡོདཔ་ད་ སྨན་ཁབ་བཙུགས་མི་དང་ བཟེད་མི་༢ ཆ་རང་ འགོ་དང་པ་ ཕྱོགས་ག་ཏེ་བསྒོར་ཏེ་ བཙུགས་དགོཔ་ཨིན་ན་ཚུ་ཡང་ ལྟ་སྟེ་ཡོད་ཟེར་ཨིན་པས།

བློན་ཆེན་གྱིས་གསུངས་མིའི་ནང་ ད་ལྟོ་ཚུན འབྲུག་རྒྱལ་ཁབ་རྐྱངམ་གཅིག་མ་གཏོགས་ འཛམ་གླིང་རྒྱལ་ཁབ་གཞན་ག་རའི་ནང་ སྨན་ཁབ་འགོ་བཙུགས་ནུག་ཟེར་ ཨིན་པས།

འབྲུག་གིས་ ད་ལྟོ་ཚུན་ སྒུག་སྡོད་པའི་སྐབས་ རྒྱལ་ཁབ་གཞན་ཚུ་ནང་ སྨན་ཁབ་བཙུགས་མི་དང་ མ་བཙུགས་མི་ཚུ་གི་བར་ན་ ཁྱད་པར་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ན་དང་ སྨན་ཁབ་ལུ་བརྟེན་པའི་ གསོ་བའི་གནད་དོན་ཚུ་ ག་བཟུམ་ར་ ཐོན་དོ་ཡོདཔ་ཨིན་ནའི་ ལྟ་ཞིབ་འབད་དེ་ སྡོད་པའི་ཤུལ་ལུ་ ད་རེས་ གཞུང་ལུ་ བློ་གཏད་སྦོམ་ཐོབ་སྟེ་ཡོད་ཟེར་ཨིན་པས།

ད་རེས་ སྨན་ཁབ་ཀྱི་དོན་ལུ་ མི་གྲངས་༤༧༠,༠༠༠ དེ་ཅིག་གིས་ ཐོ་བཀོད་འབད་ཡོད་ས་ལས་༧,༠༠༠ དེ་ཅིག་གིས་ མི་བཙུགས་ནི་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིན་པས།

བློན་ཆེན་གྱིས་འབད་བ་ཅིན་ ཨེསི་ཊ་ཟེ་ནེ་ཀ་སྨན་ཁབ་དེ་ལུ་བརྟེན་ ཕན་ཐོགས་སྦོམ་ཡོདཔ་ལས་ ག་ར་གིས་ བཞེས་དགོཔ་ཁག་ཆེ་ཟེར་ཨིནམ་ད་ རྒྱལ་ཁབ་དག་པ་ཅིག་ནང་ དཀའ་ངལ་ཐོན་པའི་ ཁ་ཉེས་ཐོག་ལུ་ མཚམས་འཇོག་འབད་ཡོདཔ་ཨིན་རུང་ ད་རེས་ ལོག་སྟེ་ར་ བཙུགས་ནི་འགོ་བཙུགས་ནུག་ཟེར་ཨིན་པས།

སྨན་ཁབ་དེ་ལུ་བརྟེན་ ཁྲག་ཚི་བསྒོང་བའི་ ལོ་རྒྱུས་ཐོན་ཡོདཔ་ཨིན་རུང་ དེ་ལུ་ བདེན་པ་མེད་པའི་ སྒྲུབ་བྱེད་ཐོན་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།

དེ་འབད་ནི་འདི་གིས་ མི་སེར་གྱིས་ སྨན་ཁབ་དེ་བཙུགས་པ་ཅིན་ དང་པ་ རང་ལུ་ནད་འབུབ་མི་འཐོབ་ནི་དང་ འཐོབ་རུང་ ན་ནིའི་འཚུབ་ཆེ་ཧིང་ མར་ཕབ་འབད་ཚུགས་པའི་ ཕན་ཐོགས་ཡོདཔ་ད་ གཞུང་ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་འབད་མ་དགོ་པའི་ ཕན་ཐོགས་ཡོད་ཟེར་ཨིན་པས།

ཨིན་རུང་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལུ་ གསོ་བ་དང་འབྲེལ་བའི་ དཀའ་ངལ་དུམ་གྲ་རེ་ འབྱུང་མི་དེ་ རང་བཞིན་ཨིན་པའི་གུ་ རྟགས་མཚན་ལེགས་ཤོམ་ཅིག་ ཨིན་ཟེར་ཨིན་ཨིན་པས།

ད་རེས་ དེ་བཟུམ་མའི་ སྨན་ཁབ་བཙུགས་ནིའི་ གོ་སྐབས་ཐོབ་པའི་སྐབས་ གོ་སྐབས་མ་ལེན་པ་ཅིན་ ལྷ་ས་ལྷོད་དེ་ ཇོ་བོ་མ་མཇལ་བར་ ལོག་དོ་བཟུམ་ཅིག་ ཨིན་ཟེར་ཨིན་པས།

ད་རེས་ གཞུང་གིས་ སྨན་ཁབ་ཚུ་ དཀའཝ་སྦོམ་སྤྱད་དེ་ བཙུགས་པའི་སྐབས་ མི་སེར་ཚུ་གིས་ དང་བླངས་ཀྱི་སྒོ་ལས་ བཙུགས་པ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་པ་འགྲུབ་ཟེར་རུང་ དེ་ཅིག་ཨིན་ཟེར་ཨིན་པས།

གཞུང་གི་འགན་ཁུར་དེ་ སྨན་ཁབ་དེ་གི་སྐོར་ལས་ གོ་བརྡ་སྤེལ་ནི་དེ་ཨིནམ་ལས་ བཙུགས་ནི་ཨིན་ན་དང་ མི་བཙུགས་ནི་ཨིན་ནའི་ གདམ་ཁ་དེ་ མི་སེར་རང་རྐྱང་གི་ དབང་ཆ་ཨིན་ཟེར་ཨིན་པས།

ཨིན་རུང་ ག་དེམ་ཅིག་སྦེ་ སྨན་ཁབ་མ་བཙུགས་པར་ སྡོད་པ་ཅིན་ ཤུལ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ འགྱོ་བའི་སྐབས་ སྨན་ཁབ་བཙུགས་དགོ་པའི་ ཁྱད་ཚད་བཟོ་སྟེ་འོངམ་ད་ དཀའ་ངལ་འཐོན་ནི་དང་ འབྲུག་ལུ་འབད་རུང་ ལྟ་བཤལཔ་ཚུ་འོང་བའི་སྐབས་ ནད་འབུབ་མེད་པའི་ཁར་ སྨན་ཁབ་ལན་ཐེངས་༢ པོ་ཆ་ར་ བཙུགས་ཡོད་པའི་ཡིག་ཆ་ དགོ་པའི་སྒྲིག་གཞི་ཚུ་ བཟོ་བའི་བསྒང་ཡོད་ཟེར་ཨིན་པས།

སྨན་ཁབ་བཙུགས་ནིའི་ བདུན་ཕྲག་༡ གི་རིང་ རྫོང་ཁག་དང་ རྫོང་ཁག་ཚུ་གི་བར་ན་ ཨ་རྟག་བཟུམ་སྦེ་ འགྲོ་འགྲུལ་བཀག་ཆ་འབད་ནི་ཨིན་པས།

དེ་བཟུམ་སྦེ་ སྨན་ཁབ་ཚུ་ ཐོ་བཀོད་འབད་སའི་ ས་ཁོངས་ཚུ་ནང་ར་ བཙུགས་དགོཔ་ཟེརཝ་མེདཔ་ད་ རང་ག་ཏེ་ལྷོད་ས་ལས་ བཙུགས་བཏུབ་ཟེར་ཨིན་པས།

ད་རེས་ འཛམ་གླིང་ནང་ མི་གྲངས་ས་ཡ་༣༥༠ དེ་ཅིག་ལུ་ སྨན་ཁབ་དེ་ བཙུགས་ཡོདཔ་ཨིན་རུང་ དེ་ལུ་བརྟེན་པའི་ ཉེན་ཁ་འདུག་ཟེར་བའི་གནད་དོན་ ཕུད་རྡོག་གཅིག་ཡང་ མ་འཐོན་པས་ཟེར་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *