ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་པའི་ཤུལ་ལས་ མི་ཚུ་ ཚ་གྱང་མེདཔ་ཐལ་ཡོདཔ།

༉ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུ་གིས་ ནད་ཡམས་ཀོ་བིཌ་-༡༩ སྔོན་འགོག་དང་ གདོང་ལེན་འབད་ནིའི་སྒྲིག་གཞི་ ཁ་རས་ལག་ལེན་དང་ ལགཔ་གུ་སྨན་ཆུ་དབུར་ནི་ དེ་ལས་ ལགཔ་ཆུ་འཁྱུ་ནི་ཚུ་ ཨ་རྟག་བཟུམ་སྦེ་འབད་སར་ མི་མཐོང་དོ་ཡོདཔ་ཨིན་པས།

ད་རེས་ ཕུན་ཚོགས་གླིང་ཁྲོམ་ནང་ ན་གཞོན་དང་ ན་ལོན་ དེ་ལས་ རྒན་ཤོས་ཟེར་མེད་པར་ མང་ཤོས་ཅིག་གིས་ར་ ཁ་རས་ལག་ལེན་ མ་འཐབ་པར་ བཤལ་འགྱོ་སར་ མཐོངམ་ཨིན་པས།

ཚོང་ཁང་གི་ སྒོ་ཁ་ལས་ཕར་ ལགཔ་ཆུ་འཁྱུ་ནི་གི་ མཐུན་རྐྱེན་ཚུ་ བཙུགས་ཏེ་ཡོད་རུང་ ཚོང་མགྲོན་པ་དང་ ཕར་ཚུར་བཤལ་འགྱོ་མི་ མང་ཤོས་ཅིག་གིས་ ལག་ལེན་མི་འཐབ་དོ་ཡོདཔ་མ་ཚད་ ཚོང་ཁང་ལ་ལོ་ཅིག་ནང་ ལགཔ་ཆུ་འཁྱུ་ནིའི་ མཐུན་རྐྱེན་ཡང་ མ་བཙུགས་པར་ཡོདཔ་ཨིན་པས།

ཚོང་པ་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ ནད་ཡམས་སྔོན་འགོག་གི་ སྒྲིག་གཞི་ཚུ་ ལག་ལེན་མི་འཐབ་པས་ཟེར་ཨིནམ་ད་ ཁོང་གིས་ ཚོང་ཁང་ནང་འོང་མི་ ལས་མགྲོན་པ་ཚུ་ལུ་ ལགཔ་ཆུ་འཁྱུ་ནི་དང་ ཁ་རས་ལག་ལེན་འཐབ་ནི་ དེ་ལས་ འབྲུག་ཊེསི་གི་དོན་ལུ་ ཐོ་བཀོད་འབད་དགོཔ་སྦེ་སླབ་རུང་ ཉན་མི་བཏུབ་པས་ཟེར་ཨིན་པས།

གལ་སྲིད་ མི་ཚུ་གིས་ རང་སོའི་མནོ་བསམ་ བསྒྱུར་བཅོས་བཏང་མ་ཚུགས་པ་ཅིན་ གཞུང་གིས་ དང་ལེན་དམ་སྒྲིང་འབད་དགོཔ་འདུག་ཟེར་ཨིནམ་ད་ ཚོང་པ་གཞན་ཅིག་གིས་ སླབ་མིའི་ནང་ རང་དང་གཞན་གྱི་བར་ན་ ས་སྟོང་བཞག་གནང་ཟེར་ སླབ་པའི་སྐབས་ ཙིགཔ་ཟཝ་མས་ཟེར་ཨིན་པས།

ཕུན་ཚོགས་གླིང་ལུ་སྡོད་མི་ རིན་ཆེན་རྡོ་རྗེ་གིས་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་པའི་ཤུལ་ལས་ ག་ར་ སེམས་བག་ལྷོད་སོང་ཡོདཔ་བཞིན་དུ་ མི་ཚུ་གིས་ སྨན་ཁབ་བཙུགས་ཡོདཔ་ལས་ ནད་འབུབ་མི་འཐོབ་ཟེར་ མནོ་བསམ་བློ་གཏང་ནི་དེ་ འཛོལ་བ་ཨིན་ཟེར་ བཤདཔ་ཨིན་པས།

གསོ་བ་ལྷན་ཁག་གིས་ གནད་དོན་དེ་གི་སྐོར་ལས་ གོ་བརྡ་སྤྲོད་ ལེགས་ཤོམ་སྤྲོད་དགོཔ་འདུག་ཟེར་ ཁྲོམ་ཁའི་མི་ཚུ་གིས་ བཤད་པའི་ཁར་ ད་རེས་ནངས་པར་ ལུང་ཕྱོགས་ནང་ ནད་ཡམས་ཐོབ་མིའི་ གྱངསཁ་ཡར་སེང་སོང་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་དེ་ ས་མཚམས་ཁར་ཨིནམ་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་དང་ འགྲུལ་སྐྱོད་བཀད་དམ་༣ པ་ འབད་ནི་ལུ་ དུས་ཚོད་མངམ་ མི་འགོར་འོང་ཟེར་ རིན་ཆེན་རྡོ་རྗེ་གིས་ བཤདཔ་ཨིན་པས།

ཕུན་ཚོགས་གླིང་ གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྨན་ཁབ་ལུ་བརྟེན་ མི་ཚུ་ བག་ལྷོད་སྦེ་ སྡོད་མི་ལུ་ ཚ་གྱང་ལང་དགོཔ་འདུག་ཟེར་ཨིནམ་ད་ ཁོང་རའི་འགན་ཁུར་དེ་ སྒྲིག་གཞི་ལག་ལེན་འཐབ་ནི་དང་ གོ་བ་བརྡ་སྤྲོད་འབད་ནི་དེ་ཨིནམ་ལས་ གལ་སྲིད་ མི་སྡེ་ནང་ ནད་ཡམས་ཐོན་པ་ཅིན་ ཚད་འཛིན་འབད་ནི་ལུ་ ལཱ་ཁག་གཏང་འོང་ཟེར་ཨིན་པས།

མགྱོགས་དྲགས་སྦེ་ ཁྱད་རྣམ་འགྱུར་འགྱོ་མི་ ནད་ཡམས་དེ་ རྒྱལ་ཁབ་ནང་ ཐོན་པ་ཅིན་ ན་མི་དང་ ཤི་རྐྱེན་བྱུང་མི་ མངམ་འཐོན་འོང་ཟེར་ཨིནམ་ད་ དམིགས་བསལ་དུ་ སྨན་ཁབ་མ་བཙུགས་མི་ ན་གཞོན་ཚུ་ལུ་ ཉེན་ཁ་སྦོམ་ཡོད་ཟེར་ བཤདཔ་ཨིན་པས།

གསོ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མི་ཚུ་གིས་ སེམས་བག་ལྷོད་ཐོག་ སྡོད་པ་ཅིན་ ད་ཚུན་ གྲུབ་འབྲས་བྱུང་མི་དེ་ འཕྲོ་བརླག་འགྱོ་ཉེན་ཡོདཔ་་ལས་ ཀོ་བིཌ་-༡༩ འི་སྒྲིག་གཞི་ཚུ་ དམ་དམ་སྦེ་ ལག་ལེན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།

ཌོག་ཊར་ཅིག་གིས་ སླབ་མིའི་ནང་ མི་ཚུ་གིས་ ནད་ཡམས་སྔོན་འགོག་གི་ སྨན་ཁབ་དང་པ་ བཙུགས་མི་གིས་ ནད་གཞི་ལས་ བཀག་ནི་བཟུམ་མའི་ མནོ་བསམ་བཏང་ནུག་ཟེར་ཨིནམ་ད་ སྨན་ཁབ་༢ པ་ བཙུགས་ཏེ་འབད་རུང་ ཀོ་བིཌ་-༡༩ འི་སྒྲིག་གཞི་དང་ ལམ་སྟོན་ཚུ་ ལག་ལེན་འཐབ་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *